༢༡
སྤྱན་གཟིགས་པས། དཀོར་མཛོད་དུ་འབུལ་བ་འཇོག་པའི་ཕྱུག་པོ་རེ་དང་། ༢ ཟངས་ཀྱི་དོང་ཙེ་གཉིས་འཇོག་པའི་མོ་རེང་མ་དབུལ་མོ་ཞིག་གཟིགས་ནས། ༣ ཁོང་གིས། ཐམས་ཅད་ལས་མོ་རེང་མ་དབུལ་མོ་འདིས་མང་བར་ཕུལ་ཏོ་ཞེས་ངས་བདེན་པར་ཟེར། ༤ ཐམས་ཅད་ཀྱིས་ནོར་མང་པོ་ཡོད་པའི་ནང་ནས་ཕུལ། མོས་དཀོན་པའི་ནང་ནས་ཚེ་ཕྱིད་ཕྱིར་ཅི་ཡོད་པ་ཐམས་ཅད་ཕུལ་ཏོ་གསུངས་སོ༎༥ ཁ་ཅིག་གིས་མཆོད་ཁང་གི་གཏམ་བྱེད་ཅིང་། ཇི་ལྟ་བུའི་རྡོ་རིན་ཆེན་དང་འབུལ་བ་རྣམས་ཀྱི་རྒྱན་གྱིས་བརྒྱན་ནས་འདུག་ཟེར་བ་དང་། ༦ ཁོང་གིས། ཁྱེད་ཀྱིས་མཐོང་བ་འདི་ལས། རྡོ་གཅིག་ཀྱང་མ་ལུས་པར་རློག་པར་འགྱུར་བའི་དུས་ཤིག་སླེབས་འོང་གསུངས་སོ༎
༧ དེ་ཚོས། སྟོན་པ་ལགས། དེ་ནམ་འབྱུང་འོང་། དེ་རྣམས་འགྲུབ་ཏུ་ཉེ་བའི་དུས་ཀྱི་རྟགས་ཅི་ཡིན་ཞུས་པས། ༨ ཁོང་གིས་གསུངས་པ། ལམ་ལོག་ལ་འཁྲིད་པ་ལས་ཟོན་བྱོས་ཤིག མི་མང་པོས་ངའི་མིང་ཁུར་ཏེ་ང་ཡིན། དུས་དེ་ཉེའོ་ཟེར་ཞིང་འོང་བར་འགྱུར། དེ་རྣམས་ལ་མ་འབྲང་ཞིག ༩ དམག་དང་འཁྲུག་པའི་གཏམ་ཐོས་པའི་ཚེ་མ་འཇིགས་ཤིག དེ་ནི་སྔོན་དུ་འབྱུང་དགོས་ཀྱང་། མཐའ་མ་འཕྲལ་དུ་མི་འོང་། ༡༠ མི་བརྒྱུད་དང་རྒྱལ་ཁག་ཕན་ཚུན་ལང་འོང་། ༡༡ ས་གཡོ་ཆེན་པོ་དང་། ཡུལ་སོ་སོར་མུ་གེ་དང་། རིམས་ནད་དང་། འཇིགས་པ་དང་། གནམ་ལ་ལྟས་ཆེན་པོ་འབྱུང་བར་འགྱུར་རོ། ༡༢ དེ་ཐམས་ཅད་འབྱུང་བའི་སྔོན་དུ། ངའི་མིང་གི་རྐྱེན་གྱིས། ཁྱེད་བཟུང་སྟེ། འཚེ་བར་འགྱུར། འདུ་ཁང་ལ་བོས་ནས་བཙོན་ར་ལ་གཏད་འོང་། རྒྱལ་པོ་དང་སྤྱི་ཁྱབ་ཀྱི་རྩར་འཁྱེར་བར་འགྱུར། ༡༣ དེ་ནི་ཁྱེད་ཀྱིས་དཔང་པོ་བྱེད་པའི་རྒྱུར་འགྱུར་འོང་། ༡༤ དེས་ན་ལན་ཇི་ལྟར་གཏོང་བའི་ཕྱིར་སྔོན་དུ་བསམ་བློ་མི་གཏོང་བར་སྙིང་ལ་ཞོག ༡༥ ངས་ཁྱེད་ལ་ངག་དང་ཤེས་རབ་སྦྱིན་འོང་བས། ཕ་རོལ་པོ་སུས་ཀྱང་ཁྱོད་ལ་རྒོལ་བའམ་ཁ་དགག་མི་ཐུབ། ༡༦ ཕ་མ་དང་། སྤུན་དང་། གཉེན་དང་། གྲོགས་པོས་ཀྱང་ཁྱེད་དགྲར་བཏད་དེ་ཁྱེད་ཁ་ཅིག་གསོད་པར་འགྱུར། ༡༧ ངའི་རྐྱེན་གྱིས་ཐམས་ཅད་ཀྱིས་ཁྱེད་ལ་སྡང་ཡང་། ༡༨ ཁྱེད་ཀྱི་སྐྲ་ཉག་གཅིག་ཀྱང་འཇིག་མི་འགྱུར། ༡༩ ཁྱོད་ཀྱི་བཟོད་བསྲན་གྱིས་ཁྱོད་ཀྱི་སྲོག་སྐྱོབ་པར་འགྱུར།
༢༠ ཡེ་རུ་ཤ་ལེམ་ལ་དམག་དཔུང་གིས་བསྐོར་བ་མཐོང་བའི་ཚེ། དེ་སྟོངས་པའི་དུས་ཉེ་བར་ཤེས་ཤིག ༢༡ དེའི་དུས་སུ་ཡ་ཧུ་དཱ་རུ་ཡོད་པ་རི་ལ་བྲོས་ཤིག རྒྱལ་སའི་ནང་དུ་ཡོད་པ་ཕྱིར་ཐོན་ཞིག ཡུལ་ཚོར་ཡོད་པ་རྒྱལ་སར་མ་འགྲོ། ༢༢ བྲིས་ཡོད་པ་ཐམས་ཅད་འགྲུབ་པའི་ལན་འཇལ་བའི་ཉིན་མོ་ཡིན། ༢༣ ཉིན་མོ་དེ་ལ་སྦྲུམ་མ་དང་ནུ་ཞོ་སྣུན་པ་རྣམས་སྙིང་རེ་རྗེ། ས་གཞི་ལ་སྡུག་བསྔལ་ཆེན་པོ་དང་། མི་སྡེ་འདི་ལ་ཐུགས་ཁྲོ་འབབ་པར་འགྱུར། ༢༤ དེ་རྣམས་རལ་གྲིའི་སོའི་ཁར་ཤི་བར་འགྱུར། བཙོན་པར་འགྱུར་ནས་མི་བརྒྱུད་ཐམས་ཅད་ཀྱི་ནང་ལ་འཁྲིད་འོང་། ཕྱི་པའི་དུས་ཚང་བའི་བར་དུ། ཡེ་རུ་ཤ་ལེམ་ཕྱི་པའི་རྐང་འོག་ཏུ་ལུས་འོང་།
༢༥ ཉི་མ་དང་ཟླ་བ་དང་སྐར་མའི་ནང་ལ་རྟགས་འབྱུང་འོང་། རྒྱ་མཚོ་དང་རྦ་རླབས་ཀྱི་འུར་སྒྲའི་རྐྱེན་གྱིས་ས་གཞིར་མི་རྒྱུད་རྣམས་ཅི་བྱ་མི་ཤེས་པའི་སྡུག་བསྔལ་འོང་། ༢༦ ནམ་མཁའི་དབང་རྣམས་འཁྲུག་པས། འཇིག་རྟེན་དུ་ཅི་འབྱུང་བར་འགྱུར་བ་ལ་འཚབ་ཅིང་བརྒྱལ་བར་འགྱུར། ༢༧ དེ་ནས་མིའི་བུ་དབང་དང་གཟི་བརྗིད་ཆེན་པོ་དང་བཅས་སྤྲིན་གྱི་ཁར་འབྱོན་པ་མཐོང་བར་འགྱུར། ༢༨ དེ་འབྱུང་བར་བརྩམ་པའི་ཚེ། ཁྱེད་ཀྱི་ཐར་པ་ཉེ་བས། ལུས་སྲོང་ཞིང་མགོ་ཐེག་ཅིག་གསུངས་སོ༎
༢༩-༣༠ དེ་རྣམས་ལ་དཔེའི་སྒོ་ནས་འདི་ལྟར། སེ་ཡབ་དང་སྐྱེ་ཤིང་ཐམས་ཅད་ལ་ལྟོས་ཤིག ལོ་མ་སྐྱེ་བར་མཐོང་ན། དབྱར་ཀ་ཉེ་བར་ཤེས་སོ། ༣༡ དེ་བཞིན་ཁྱེད་ཀྱིས་དེ་རྣམས་འབྱུང་བར་མཐོང་བའི་ཚེ། དཀོན་མཆོག་གི་རྒྱལ་སྲིད་ཉེ་བར་ཤེས་ཤིག ༣༢ དེ་ཐམས་ཅད་འབྱུང་བའི་བར་དུ་མི་རབས་འདི་མི་འདའ་ཞེས་ངས་བདེན་པར་ཟེར། ༣༣ གནམ་ས་གཉིས་འདའ་བར་འགྱུར་ཡང་། ངའི་བཀའ་འདའ་བར་མི་འགྱུར་རོ༎
༣༤ ཁྱེད་ཀྱི་སྙིང་འདོད་ཡོན་དང་བཟི་བ་དང་ཚེ་འདིའི་སེམས་ཁྲལ་གྱིས་མི་གནན་པ་དང་། ཉིན་མོ་དེས་གློ་བུར་དུ་ཞགས་པས་འཛིན་པ་ལྟར་ཁྱེད་མི་འཛིན་པའི་ཕྱིར་གཅང་གྲུང་བྱོས་ཤིག ༣༥ ཉིན་མོ་དེ་ནི་ས་སྟེང་དུ་གནས་པ་ཐམས་ཅད་ལ་འབབ་པར་འགྱུར། ༣༦ དེའི་ཕྱིར་དུས་རྒྱུན་དུ་གཅང་གྲུང་བྱེད་ཅིང་། འབྱུང་བར་འགྱུར་བ་དེ་ཐམས་ཅད་ལས་ཐར་བ་དང་། མིའི་བུའི་སྐུ་དྲུང་དུ་གནས་ཐུབ་པའི་ཕྱིར་གསོལ་བ་ཐོབ་ཅིག་གསུངས་སོ། ༣༧ ཉིན་རེ་བཞིན་མཆོད་ཁང་དུ་ཆོས་སྟོན་ཞིང་། དགོང་མོར་ཕྱི་རོལ་དུ་གཤེགས་ནས་ཁ་སྐྱུར་པོའི་རིར་བཞུགས་སོ། ༣༨ ཡང་སྔ་དྲོ་སྔ་བར་མི་སྡེ་ཐམས་ཅད་མཆོད་ཁང་དུ་གསུང་ལ་ཉན་ཕྱིར་དྲུང་དུ་འོངས་སོ༎