༢༢
པེ་སག་བྱ་བའི་སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་ཉེ་བ་དང་། ༢ བླ་ཆེན་དང་མཁན་པོས་མི་སྡེ་ལ་འཇིགས་པས། ཁོང་ཇི་ལྟར་བཀྲོང་བའི་ཐབས་བཙལ་ཏོ། ༣ ཉེ་གནས་བཅུ་གཉིས་པོར་གཏོགས་པའི་ཀར་ཡོད་པ་བྱ་བའི་ཡུ་དཱའི་ནང་བདུད་ཞུགས་ཏེ་སོང་ནས། ༤ བླ་ཆེན་དང་བརྒྱ་དཔོན་རྣམས་ཀྱི་རྩར་སོང་ནས། ཁོང་དེ་དག་ལ་གཏོད་པའི་གྲོས་བྱས་པ་དང་། ༥ དེ་ཚོ་དགའ་ནས། ཁོ་ལ་དངུལ་བསྟེར་བའི་ཁ་ཆད་བྱས་པས། ༦ ཁོ་ཁ་འཆམ་ནས་མི་ཚོགས་མེད་སར་ཁོང་དེ་ཚོའི་ལག་ཏུ་གཏོད་པའི་སྐབས་བཙལ་ཏོ༎༧ ལུ་གུ་དམར་མཆོད་དུ་ཕུལ་བའི་པེ་སག་གི་ཉིན་མོ་བསླེབས་ནས། ༨ ཁོང་གིས་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ལ་སོང་ལ་ང་ཚོས་ཟ་རྒྱུའི་པེ་སག་ཤོམས་ཤིག་ཅེས་བཀའ་སྩལ་ཏོ། ༩ གང་དུ་བཤམ་པར་མཉེས་ཞུས་པས། ༡༠ ཁྱེད་རྒྱལ་སར་སླེབས་དུས་སུ། ཆུ་རྫ་འཁུར་བའི་མི་ཞིག་དང་འཕྲད་འོང་། ཁོ་འགྲོ་བའི་ཁང་པའི་ནང་དུ་ཕྱི་བཞིན་སོང་ནས། ༡༡ ཁང་བདག་ལ། སྟོན་པས་ཁྱོད་ལ་འདི་སྐད་དུ། ང་ཉེ་གནས་མཉམ་པེ་སག་ཟ་བའི་མགྲོན་ཁང་གང་ན་ཡོད། འདྲིའོ་སྨྲོས་ཤིག ༡༢ དེས་ཁྱེད་ལ་གདན་ལྕོག་ཡོད་པའི་སྟེང་ཁང་ཆེན་པོ་ཞིག་བསྟན་འོང་། དེར་ཤོམས་ཤིག་གསུངས་སོ། ༡༣ དེ་གཉིས་སོང་ནས་གསུངས་པ་བཞིན་དུ་བརྙེད་དེ་པེ་སག་བཤམས་སོ༎
༡༤ དུས་ཚོད་རན་པའི་ཚེ། སྐུ་ཚབ་རྣམས་དང་མཉམ་དུ་བཞུགས་སོ། ༡༥ ཁོང་གིས་དེ་ཚོར། སྡུག་བསྔལ་མྱོང་བའི་སྔོན་དུ་ཁྱེད་མཉམ་པེ་སག་འདི་ཟ་བ་ལ། ང་ལ་གདུང་སེམས་ཆེན་པོ་ཡོད་པ་ཡིན། ༡༦ དཀོན་མཆོག་གི་རྒྱལ་སྲིད་ནང་ལུག་གུའི་དམར་མཆོད་མ་རྫོགས་པའི་བར་དུ་ངས་འདི་ལས་མི་ཟ་ཞེས་ངས་ཟེར་གསུངས་སོ། ༡༧ ཕོར་པ་ཕྱག་ཏུ་བཞེས་ནས། གཏང་རག་ཕུལ་ཏེ། འདི་སྐད་དུ། འདི་ལེན་ཏེ་ཁྱེད་ཚོའི་ནང་བགོས་ཤིག ༡༨ དཀོན་མཆོག་གི་རྒྱལ་སྲིད་མ་བསླེབ་པའི་བར་དུ་ངས་རྒུན་ཤིང་གི་ཁུ་བ་ལས་མི་འཐུང་གསུངས་སོ། ༡༩ བག་ལེབ་ཕྱག་ཏུ་བཞེས་ནས། གཏང་རག་ཕུལ་ཏེ། བཅག་ནས། དེ་ཚོར་སྩལ་ནས། འདི་སྐད་དུ། འདི་ནི་ཁྱེད་ཀྱི་དོན་དུ་བྱིན་པའི་ངའི་ལུས་ཡིན། ང་དྲན་པའི་ཕྱིར་འདི་བཞིན་དུ་བྱོས་ཤིག་གསུངས་སོ། ༢༠ དགོངས་ཟས་ཀྱི་རྗེས་སུ་དེ་བཞིན་དུ་ཕོར་པ་ཕྱག་ཏུ་བཞེས་ནས། འདི་སྐད་དུ། ཕོར་པ་འདི་ཁྱེད་ཀྱི་དོན་དུ་བླུགས་པའི་ངའི་ཁྲག་གི་སྒོ་ནས་ཞལ་ཆད་གསར་པ་དེ་ཡིན་ནོ། ༢༡ ལྟོས་ཤིག་ང་དགྲར་གཏོད་མཁན་གྱི་ལག་པ་ངའི་ལག་པ་མཉམ་ལྕོག་ཙེའི་ཁར་འདུག་གོ། ༢༢ མིའི་བུ་དམ་བཅས་པ་བཞིན་གཤེགས་ཀྱང་། ཁོང་གཏོད་པའི་མི་དེ་ལ་སྙིང་རེ་རྗེ་གསུངས་པ་དང་། ༢༣ དེ་ཚོས་ང་ཚོའི་ཁྲོད་ནས་འདི་འདྲ་སུས་བྱ་ཟེར་ཞིང་ཕན་ཚུན་གླེང་ངོ་༎
༢༤ དེ་རྣམས་ཀྱི་ནང་ནས་མཆོག་སུ་ཡིན་ཞེས་པའི་རྩོད་པ་ཞིག་འབྱུང་བས། ༢༥ ཁོང་གིས་དེ་ཚོར། མི་བརྒྱུད་རྣམས་ཀྱི་རྒྱལ་པོས་དེ་རྣམས་ལ་སྲིད་བྱེད་དེ། དབང་སྒྱུར་མཁན་རྣམས་ལ་དྲིན་ཅན་ཟེར་རོ། ༢༦ ཁྱེད་ཀྱིས་ནི་དེ་ལྟར་མ་བྱེད་ཅིག ཁྱེད་ཀྱི་ནང་ནས་མཆོག་དེ་དམན་པ་འདྲ་བ་དང་། དཔོན་པོ་དེ་གཡོག་པོ་འདྲ་བར་འགྱུར་དགོས། ༢༧ ཟ་མཁན་དེ་ཆེའམ་གཡོག་པོ་དེ་ཆེ། ཟ་མཁན་དེ་ཆེའོ། འོན་ཀྱང་ང་ནི་ཁྱེད་ཀྱི་ནང་དུ་གཡོག་པོ་དང་འདྲ་བ་ཡིན། ༢༨ ང་ལ་ཉམས་སད་བྱུང་དུས་ཁྱེད་ང་མཉམ་བསྡད་པས། ༢༩ ངའི་ཡབ་ཀྱིས་ང་ལ་རྒྱལ་སྲིད་བཏད་པ་ལྟར། ངས་ཀྱང་ཁྱེད་ལ་བཏད་ཅིང་། ༣༠ ངའི་རྒྱལ་ཁམས་ཀྱི་ནང་ན་ཁྱེད་ངའི་ལྕོག་ཙེ་ལས་ཟ་འཐུང་ཞིང་ཁྲིར་འཁོད་ཅིང་། ཨིས་ར་ཨེལ་གྱི་སྡེ་བཅུ་གཉིས་ཀྱི་ཞལ་ཆེ་གཅོད་པར་འགྱུར་རོ༎
༣༡ ཤི་མོན། ཤི་མོན། བདུད་ཀྱིས་ཁྱེད་རྣམས་གྲོ་ལྟར་འཚག་པའི་ཕྱིར་ཞུས་ཀྱང་། ༣༢ ཁྱོད་ཀྱི་དད་པ་མི་ཡལ་ཕྱིར་ངས་གསོལ་བ་བཏབ་པ་ཡིན། ཁྱོད་སེམས་བསྒྱུར་བ་དང་། སྤུན་རྣམས་བརྟན་པོ་བྱོས་ཤིག་གསུངས་པས། ༣༣ དེས། གཙོ་བོ། ང་ཁྱེད་དང་མཉམ་དུ་བཙོན་ཁང་ངམ། འཆི་བར་འགྲོ་ཆོག་པ་ཡོད་ཞུས་སོ། ༣༤ ཁོང་གིས། པེ་ཏྲོ། ཁྱོད་ཀྱིས་ང་ངོ་མི་ཤེས་བྱས་ནས་ལན་གསུམ་རྒྱབ་མ་ལོག་པའི་བར་དུ། དེ་རིང་བྱ་ཕོས་སྐད་མི་གཏང་གསུངས་སོ༎
༣༥ ཁོང་གིས་དེ་ཚོར། ཁྱེད་དངུལ་ཁུག་གམ། སྒྱེ་ཁུག་གམ། ལྷམ་མེད་པར་བཏང་དུས་སུ་དགོས་པ་བྱུང་ངམ་གསུངས་པ་དང་། མ་བྱུང་ཞུས་སོ། ༣༦ ཁོང་གིས། ད་དངུལ་ཁུག་ཡོད་པ་དེས་ཁུར་ཞིག སྒྱེ་ཁུག་ཀྱང་ཁུར་ཞིག རལ་གྲི་མེད་པ་དེས་བླ་གོས་བཙོངས་ནས་ཉོས་ཤིག ༣༧ ངའི་སྐོར་དུ་བྲིས་པ་ཐམས་ཅད་གྲུབ་ཅིང་། ཁོང་ཉེས་པ་ཅན་གྱི་གྲལ་དུ་བརྩིས་པ་ཡིན་ཞེས་བྲིས་པ་དེའང་ངའི་ནང་འགྲུབ་དགོས་སོ་གསུངས་པ་དང་། ༣༨ དེ་ཚོས། གཙོ་བོ། གཟིགས་ཤིག་འདིར་རལ་གྲི་གཉིས་ཡོད་ཞུས་པ་དང་། ཆོག་གོ་གསུངས་སོ༎
༣༩ དུས་རྒྱུན་བཞིན་ཕྱི་རོལ་དུ་ཕེབས་ནས། ཁ་སྐྱུར་པོའི་རི་ལ་ཕེབས་པ་དང་། ཉེ་གནས་རྣམས་ཕྱི་བཞིན་སོང་ངོ་། ༤༠ དེར་བསླེབས་ནས་ཁྱེད་ཚོ་ཉམས་སད་ནང་མི་ལྟུང་ཕྱིར་སྨོན་ལམ་ཐོབ་གསུངས་ཏེ། ༤༡ དེ་ཚོ་ལས་རྡོ་རྒྱང་གཅིག་ཕར་བྱོན་ནས། ཞབས་པུས་ས་ལ་བཙུགས་ཤིང་། ༤༢ ཡབ་ལགས། མཉེས་ན་ཕོར་པ་འདི་ང་ལས་ཕྱིར་ལྡོག་པར་མཛོད། འོན་ཀྱང་ངའི་འདོད་པ་བཞིན་མ་ཡིན་པར་ཁྱེད་ཀྱི་དགོངས་པ་བཞིན་གྱུར་ཅིག་ཅེས་གསོལ་བ་བཏབ་པ་དང་། ༤༣ ནམ་མཁའ་ནས་ཁོང་ལ་མཐུ་སྟོབས་སྟེར་བའི་ཕོ་ཉ་གཟིགས་སོ། ༤༤ འཆི་ཁར་ཐུག་པ་ལྟ་བུའི་ཟུག་གཟེར་གྱིས། སྨོན་ལམ་དྲག་པོ་བཏབ་པས། ཁྲག་གི་ཐིགས་པ་ཆེན་པོ་འཛག་པ་ལྟར་རྔུལ་ཆུ་ས་ལ་ཐིགས་སོ། ༤༥ སྨོན་ལམ་ལས་བཞེངས་ཏེ་ཉེ་གནས་རྣམས་ཀྱི་རྩར་ཕེབས་ནས། དེ་ཚོ་མྱ་ངན་གྱིས་གཉིད་ལ་སོང་བ་གཟིགས་ཏེ། ༤༦ ཅི་ལ་ཉལ། ལོངས་ལ་ཉམས་སད་ནང་མི་ལྟུང་ཕྱིར་སྨོན་ལམ་ཐོབ་ཅིག་གསུངས་སོ༎
༤༧ གསུང་བའི་འཕྲོ་ལ་བཅུ་གཉིས་པོའི་ནང་གི་ཡུ་དཱ་བྱ་བས་མི་ཚོགས་ཤིག་འཁྲིད་ནས། ཡེ་ཤུ་ལ་འོ་བྱེད་པའི་ཕྱིར་ཉེ་བར་འོངས་སོ། ༤༨ ཡེ་ཤུས། ཡུ་དཱ། འོ་ཡིས་མིའི་བུ་དགྲར་གཏོད་དམ་གསུངས་སོ། ༤༩ འཁོར་རྣམས་ཀྱིས་ཅི་འོང་བ་མཐོང་ནས། གཙོ་བོ། རལ་གྲི་རྒྱབ་བམ་ཞུས། ༥༠ གཅིག་གིས་བླ་ཆེན་གྱི་གཡོག་པོ་ལ་བརྒྱབས་ནས་རྣ་བ་གཡས་པ་བཅད་པས། ༥༡ ཡེ་ཤུས་དེས་ཆོག་གསུངས་ནས། དེའི་རྣ་བ་ལ་ཕྱག་རེག་ནས་སོས་པར་མཛད་དོ། ༥༢ ཁོང་འཛིན་དུ་འོངས་པའི་བླ་ཆེན་དང་། མཆོད་ཁང་གི་བརྒྱ་དཔོན་དང་། རྒན་པོ་རྣམས་ལ་ཡེ་ཤུས། རལ་གྲི་དང་དབྱུག་པ་ཐོགས་ནས་ང་ཇག་པ་ལྟར་འཛིན་དུ་འོངས་སམ། ༥༣ ང་ཉིན་རེ་བཞིན་མཆོད་ཁང་དུ་ཁྱེད་མཉམ་ཡོད་ཀྱང་ང་མ་བཟུང་། དེ་ནི་ཁྱེད་ཚོའི་དུས་ཚོད་དང་མུན་པའི་དབང་ཡིན་གསུངས་སོ༎
༥༤ དེ་རྣམས་ཀྱིས་ཁོང་བཟུང་ནས་བླ་ཆེན་གྱི་ཁྱིམ་དུ་འཁྲིད་དོ། པེ་ཏྲོས་རྒྱང་ནས་འབྲངས་སོ། ༥༥ ཚོམས་ནང་མེ་བཏང་ནས་འདུས་པའི་ཚེ། པེ་ཏྲོ་ཡང་མཉམ་དུ་བསྡད་དོ། ༥༦ གཡོག་མོ་ཞིག་གིས་པེ་ཏྲོ་མེ་འོད་ལ་བསྡད་པ་མཐོང་ནས། ཞིབ་པར་བལྟས་ཏེ། འདིའང་ཁོ་མཉམ་དུ་ཡོད་པ་ཡིན་ནོ་སྨྲས་སོ། ༥༧ པེ་ཏྲོས། བུད་མེད། ངས་ཁོ་ངོ་མི་ཤེས་ཟེར་ཞིང་རྫུན་བཤད་དོ། ༥༨ ཅུང་ཞིག་ན་གཞན་ཞིག་གིས་མཐོང་ནས། ཁྱོད་ཀྱང་དེ་ཚོའི་ནང་ནས་གཅིག་ཡིན་ནོ་ཟེར་བས། པེ་ཏྲོས། ང་མིན་སྨྲས་སོ། ༥༩ ཆུ་ཚོད་གཅིག་འགྱངས་ནས་གཞན་ཞིག་གིས། འདི་ག་ལིལ་པ་ཡིན། ཁོ་མཉམ་ཡོད་ཐག་ཆོད་ཡིན། ཞེས་ཨུ་ཚུགས་བྱས་ཀྱང་། ༦༠ པེ་ཏྲོས་ཁྱོད་ཀྱིས་ཅི་ཟེར་ངས་མི་ཤེས་ཞེས་ཟེར་བའི་འཕྲོ་ལ་བྱ་ཕོས་སྐད་བཏང་ངོ་། ༦༡ གཙོ་བོས་ཞལ་བསྒྱུར་ཏེ་པེ་ཏྲོ་ལ་གཟིགས་པ་དང་། དེ་རིང་བྱ་སྐད་ལས་སྔོན་དུ་ཁྱོད་ཀྱིས་ང་ལ་ལན་གསུམ་རྒྱབ་ལོག་བྱེད་འོང་ཞེས་གཙོ་བོས་གསུངས་པ་དེ་པེ་ཏྲོས་དྲན་ཞིང་། ༦༢ ཕྱི་རོལ་དུ་སོང་ནས་དྲག་ཏུ་ངུས་སོ༎
༦༣-༦༤ ཡེ་ཤུ་བཟུང་ཡོད་པ་རྣམས་ཀྱིས། ཞལ་ངོ་ལ་རས་བཀབ་ནས། བརྡུང་མཁན་སུ་ཡིན་མངོན་ཤེས་ཤོད་ཟེར་ནས་ཁོང་ལ་འཕྱ་ཞིང་བརྡུངས་ཏེ། ༦༥ སྨད་ཅིང་རྒོལ་བ་མང་པོ་ཞུས་སོ༎
༦༦ སྔ་དྲོ་བླ་ཆེན་དང་མཁན་པོ་ལ་གཏོགས་པའི་མི་སྡེའི་རྒན་པོའི་ཚོགས་འདུས་ཏེ། ཁོང་དེ་ཚོའི་འདུན་སར་ཁྲིད་ནས། ༦༧ ཁྱོད་མཱ་ཤི་ཀ་ཡིན་ན་ང་ཚོར་ཤོད་ཅིག་ཞུས་པ་དང་། ཁོང་གིས། ངས་ཟེར་ན་ཁྱེད་ཀྱིས་ཡིད་མི་ཆེས། ༦༨ ངས་འདྲི་ན་ཁྱེད་ཀྱིས་ལན་མི་བཏང་། ༦༩ ད་ཕྱིན་མིའི་བུ་དཀོན་མཆོག་ཀུན་དབང་གི་ཕྱག་གཡས་སུ་འཁོད་པར་འགྱུར་གསུངས་སོ། ༧༠ ཐམས་ཅད་ཀྱིས་འོ་ན་ཁྱོད་དཀོན་མཆོག་གི་སྲས་དེ་ཡིན་ནམ། ཞུས་པས་ཁོང་གིས། ང་ཡིན་པ་ཁྱེད་ཀྱིས་ཟེར་རོ་གསུངས་པས། ༧༡ དེ་ཚོས་ཁོང་རང་གི་ཁ་ནས་ཐོས་པས། དཔང་པོ་གཞན་ཅི་དགོས་ཟེར་ཏོ༎