༢༣
མི་ཚོགས་ཚང་མ་ལངས་ནས། ཁོང་པི་ལ་ཏུའི་མདུན་དུ་འཁྲིད་དེ། ༢ ཁོང་ལ་སྐྱོན་འགེལ་ཞིང་། མི་འདིས་ང་ཚོའི་མི་སྡེ་རྣམས་ཀྱི་བློ་ལོག་འཇུག་ཅིང་། རྒྱལ་པོ་ཆེན་པོར་ཁྲལ་འཇལ་བར་བཀག་ཅིང་། ཁོ་རང་རྒྱལ་པོ་མཱ་ཤི་ཀ་ཡིན་ཟེར་བ་ཐོས་སོ་སྨྲས་སོ། ༣ པི་ལ་ཏུས་ཁོང་ལ། ཁྱེད་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ། ཞུས་པའི་བཀའ་ལན་དུ། ཁྱེད་ཀྱིས་སྨྲས་པ་བཞིན་ནོ་གསུངས་སོ། ༤ པི་ལ་ཏུས་བླ་ཆེན་དང་མི་ཚོགས་ལ། ངས་མི་འདིའི་ནང་སྐྱོན་ཅིའང་མི་རྙེད་དོ་ཞེས་སྨྲས་ཀྱང་། ༥ དེ་ཚོས་ཨུ་ཚུགས་བྱེད་ཅིང་། ག་ལིལ་ཡུལ་ནས་འགོ་བཙུགས་ཏེ་འདི་བར་དུ་ཡ་ཧུ་དཱ་ཧྲིལ་པོར་བསླབ་བྱ་བཏང་ནས་མི་སྡེ་རྣམས་དཀྲུག་གོ་ཟེར་ཏོ༎༦ པི་ལ་ཏུས་དེ་ཐོས་ནས་མི་འདི་ག་ལིལ་པ་ཡིན་ནམ་དྲིས་ཏེ། ༧ ཧེ་རོ་དཱེའི་མངའ་འོག་ནས་ཡིན་པ་བརྟགས་ནས། ཧེ་རོ་དཱེ་དེའི་ཚེ་ཡེ་རུ་ཤ་ལེམ་ན་ཡོད་པས། ཁོང་དེའི་རྩར་བཏང་ངོ་། ༨ ཧེ་རོ་དཱེས་ཡེ་ཤུའི་སྐོར་ཐོས་ནས། ཡུན་རིང་ནས་ཁོང་མཐོང་བར་འདོད་ཅིང་། ཁོང་གིས་སྟོན་པའི་ལྟས་མཐོང་དུ་རེ་བས། ཁོང་མཇལ་ནས་ཤིན་ཏུ་དགའོ། ༩ བཀའ་འདྲི་མང་དུ་ཞུས་ཀྱང་བཀའ་ལན་མ་གནང་ངོ་། ༡༠ དེར་ཡོད་པའི་བླ་ཆེན་དང་མཁན་པོ་རྣམས་ཀྱིས་ངར་ངར་ཤུགས་ཤུགས་ཀྱིས་ཁོང་ལ་སྐྱོན་བཀལ་ཏོ། ༡༡ དམག་མི་དང་བཅས་ཧེ་རོ་དཱེས་ཁོང་ལ་སྨད་ཅིང་འཕྱས་ནས། གོས་མདངས་ཅན་བསྐོན་ཏེ། པི་ལ་ཏུའི་རྩར་ཕྱིར་བཏང་ངོ་། ༡༢ པི་ལ་ཏུ་དང་ཧེ་རོ་དཱེ་སྔོན་ལ་འཁོན་ཡོད་ཀྱང་། ཞག་དེ་ལ་གྲོགས་པོར་གྱུར་ཏོ༎
༡༣ པི་ལ་ཏུས་བླ་ཆེན་དང་། དཔོན་པོ་དང་། མི་ཚོགས་བསྡུས་ནས་དེ་རྣམས་ལ། ༡༤ ཁྱེད་ཀྱིས་མི་འདིས་མི་སྡེའི་བློ་ལོག་གོ་ཟེར་ཞིང་ངའི་རྩར་འཁྲིད་ཀྱང་། ཁྱེད་ཀྱི་མདུན་དུ་ཞིབ་དཔྱོད་བྱས་ནས། མི་འདིའི་ནང་ཁྱེད་ཀྱིས་བཀལ་བའི་སྐྱོན་ཅིའང་མ་མཐོང་། ༡༥ ཧེ་རོ་དཱེ་ལའང་མ་མཐོང་བར་ངའི་རྩར་ཕྱིར་བཏང་ངོ་། དེས་གསོད་འོས་པའི་ལས་མ་བྱས་སོ། ༡༦ དེའི་ཕྱིར་རྟ་ལྕག་ཞུས་ནས་གཏང་བར་བྱའོ་སྨྲས་སོ། ༡༧ ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽ ༡༨ ཐམས་ཅད་ཀྱིས་ཁ་མཐུན་ནས་ཀུ་སྒྲ་བཏོན་ཏེ། ང་ཚོའི་ཕྱིར་བ་རབ་བཱ་བཏང་ནས་མི་འདི་མེད་པར་མཛོད་ཅིག་སྨྲས་སོ། ༡༩ བ་རབ་བཱས་རྒྱལ་སར་ནང་འཁྲུག་བསླང་བ་དང་། མི་བསད་པའི་རྐྱེན་གྱིས་བཙོན་དུ་ཡོད་པ་ཡིན་ནོ། ༢༠ པི་ལ་ཏུས་ཡེ་ཤུ་བཀྲོལ་བར་འདོད་ཅིང་སླར་དེ་ཚོར་སྨྲས་ཀྱང་། ༢༡ དེ་ཚོས་སྐད་ཆེན་པོས། རྒྱང་ཤིང་ལ་རྐྱོང་། རྒྱང་ཤིང་ལ་རྐྱོང་སྨྲས་སོ། ༢༢ དེས་ལན་གསུམ་པར་མི་རྣམས་ལ། མི་འདིས་ཉེས་པ་ཅི་བྱས། གསོད་འོས་པའི་སྐྱོན་ཅིའང་ངས་མ་བརྙེད་པས། རྟ་ལྕག་ཞུས་ནས་འགྲོལ་བར་བྱའོ་ཟེར་ཀྱང་། ༢༣ དེ་ཚོས་སྐད་དྲག་པོས་མི་འདི་རྒྱང་ཤིང་ལ་རྐྱོང་ཟེར་ནས་ཨུ་ཚུགས་བྱས་པས་ཀུ་སྒྲ་རྒྱབ་པའི་དོན་གྲུབ་སྟེ། ༢༤ པི་ལ་ཏུས་དེ་ཚོས་ཞུ་བ་བཞིན་ཁྲིམས་བཅད་དེ། ༢༥ ནང་འཁྲུག་དང་མི་བསད་པའི་རྐྱེན་གྱིས་བཙོན་དུ་ཡོད་པ་དེ་བཏང་ནས། ཡེ་ཤུ་དེ་ཚོའི་འདོད་པ་ལྟར་བཏད་དོ༎
༢༦ དེ་ཚོས་ཁོང་འཁྱེར་བ་ལས། གྲོང་གསེབ་ནས་འོང་བའི་ཀི་རེ་ནེ་པ་ཤི་མོན་བྱ་བ་བཟུང་ནས། ཡེ་ཤུའི་རྒྱང་ཤིང་བཀལ་ནས་སྐུ་རྒྱབ་ནས་འགྲོ་རུ་བཅུག་གོ། ༢༧ མི་སྡེའི་ཚོགས་ཆེན་པོ་དང་། བྲང་རྡུང་ཞིང་ཁོང་གི་ཕྱིར་ངུ་བའི་བུད་མེད་མང་པོ་རྗེས་སུ་འབྲངས་པས། ༢༨ ཡེ་ཤུས་ཕྱི་མིག་གཟིགས་ནས། ཡེ་རུ་ཤ་ལེམ་གྱི་བུ་མོ་ཚོ། ངའི་ཕྱིར་མ་ངུ་། ཁྱེད་རང་དང་ཁྱེད་ཚོའི་ཕྲུ་གུའི་ཕྱིར་ངུས་ཤིག ༢༩ རབས་ཆད་མ་རྣམས་བདེའོ། བུ་མ་འཁུར་བའི་མངལ་བདེའོ། འོ་མ་མ་སྟེར་པའི་ནུ་མ་བདེའོ། ཟེར་དགོས་པའི་ཉིན་མོ་ཞིག་འོང་ངོ་། ༣༠ དེའི་དུས་སུ་རི་རྣམས་ལ། ང་ཚོའི་ཐོག་ཏུ་ལོག་ཅིག རི་ཕྲན་རྣམས་ལ། ང་ཚོ་ཁོབ་ཅིག་ཟེར་འོང་། ༣༡ ཤིང་སྡོང་སྔོན་པོ་ཡོད་དུས་འདི་འདྲ་བྱེད་ན། སྐམ་ན་ཅི་མི་བྱ་གསུངས་སོ། ༣༢ སྡིག་སྤྱོད་གཉིས་ཀྱང་སྲོག་ལེན་པའི་ཕྱིར་ཁོང་མཉམ་འཁྲིད་དོ། ༣༣ ཐོད་པ་ཟེར་བའི་གནས་སུ་བསླེབས་ཏེ། ཁོང་རྒྱང་ཤིང་ལ་བརྐྱངས་སོ། སྡིག་སྤྱོད་གཉིས་ཀྱང་ཁོང་གི་གཡས་གཡོན་དུ་བརྐྱངས་སོ། ༣༤ ཡེ་ཤུས། ཡབ་ལགས། འདི་ཚོས་ཅི་བྱེད་མི་ཤེས་པས། བཤགས་པ་མཛོད་གསུངས་སོ། དེ་ཚོས་རྒྱན་བརྒྱབས་ནས་ན་བཟའ་བགོས་སོ། ༣༥ མི་ཚོགས་ལྟ་ཞིང་བསྡད། དཔོན་པོ་རྣམས་ཀྱིས་འཕྱ་སྟེ། ཁོས་གཞན་སྐྱོབས་པས་ཁོ་དཀོན་མཆོག་གིས་འདམས་པའི་མཱ་ཤི་ཀ་ཡིན་ན། ཁོ་རང་སྐྱོབས་ཤིག་ཟེར་ཏོ། ༣༦ དམག་མིས་ཀྱང་རྒུན་ཆང་སྐྱུར་མོ་ཕུལ་ཞིང་། ༣༧ ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ན་རང་སྐྱོབས་ཤིག་ཟེར་ཞིང་སྨད་དོ། ༣༨ འདི་ཡ་ཧུ་དཱ་པའི་རྒྱལ་པོའོ་ཞེས་དབུའི་ལྟག་པར་བྲིས་ཡོད་དོ༎
༣༩ རྒྱང་ཤིང་ལ་བརྐྱངས་པའི་སྡིག་སྤྱོད་གཅིག་གིས་ཁོང་ལ་ཚིག་ངན་ཞུ་ཞིང་། ཁྱེད་མཱ་ཤི་ཀ་བྱ་བ་དེ་མིན་ནམ། ཡིན་ན་ཁྱོད་རང་དང་ང་གཉིས་སྐྱོབས་ཤིག་སྨྲས་སོ། ༤༠ གཞན་གཅིག་པོས་ཁོ་འགེག་ཅིང་། དཀོན་མཆོག་ལ་མི་འཇིགས་སམ། ཁྱོད་ཀྱང་ཆད་པ་དེ་ཀའི་ནང་ཡོད་དེ། ༤༡ ང་གཉིས་ལ་ང་ཚོའི་ལས་བཞིན་དུ་ལས་གཡོགས་ཕོག་འོས་པ་ཡིན། སྐྱེས་བུ་འདིས་ནི་མི་འོས་པ་ཅི་ཡང་མ་མཛད་དོ། སྨྲ་ཞིང་ཡེ་ཤུ་ལ། ༤༢ གཙོ་བོ་ལགས། ཁྱེད་མངའ་དབང་དང་བཅས་ཕེབས་པའི་དུས་སུ། ང་དྲན་དུ་གསོལ་ཞུས་སོ། ༤༣ ཁོང་གིས། དེ་རིང་ང་དང་མཉམ་ཁྱོད་བདེ་ཅན་ཞིང་དུ་སླེབས་འོང་ཞེས་ངས་བདེན་པར་ཟེར། གསུངས་སོ༎
༤༤ ཉིན་ཕྱེད་ལ་ཡུལ་ཐམས་ཅད་མུན་པས་ཐིབས་ནས་ཆུ་ཚོད་གསུམ་པའི་བར་དུ་ལུས་ཏེ། ༤༥ ཉི་མའི་འོད་བསྒྲིབས། གཙང་ཁང་གི་ཡོལ་བ་ཁག་གཉིས་སུ་རལ། ༤༦ ཡེ་ཤུས་གསུང་སྐད་ཆེན་པོས། ཡབ་ལགས། ངའི་སེམས་ཁྱེད་ཀྱི་ཕྱག་ཏུ་འབུལ་ལོ། ཞེས་གསུངས་ནས་སྐུ་སྲོག་གནང་ངོ་༎
༤༧ བརྒྱ་དཔོན་གྱིས་དེ་མཐོང་ནས། དཀོན་མཆོག་ལ་བསྟོད་ཅིང་། སྐྱེས་བུ་འདི་མནོངས་མེད་ཡིན་ཐག་ཆོད་ཅེས་སྨྲས་སོ། ༤༨ ལྟད་མོ་ལ་འདུས་པའི་མི་ཐམས་ཅད་ཀྱིས་བྱ་བ་དེ་མཐོང་ནས། བྲང་རྡུང་ཞིང་ལོག་གོ། ༤༩ ག་ལིལ་ནས་ཁོང་མཉམ་འབྲངས་པའི་ཁོང་གི་ངོ་ཤེས་དང་བུད་མེད་རྣམས་ཀྱིས་རྒྱང་མ་ནས་དེ་རྣམས་མཐོང་ངོ་༎
༥༠ ཡ་ཧུ་དཱའི་གྲོང་ཁྱེར་ཨ་རི་མ་ཐི་ཡཱ་ནས་ཡིན་པའི་མི་ཡོ་སེབ་བྱ་བ། གྲོས་མི་བཟང་ཞིང་དྲང་པོ་ཡིན་པ། ༥༡ དེ་ཚོའི་གྲོས་དང་ལས་ལ་མ་འཆམས་པར། དཀོན་མཆོག་གི་རྒྱལ་སྲིད་ལ་རེ་བ་ཞིག་ཡོད་དོ། ༥༢ ཁོས་པི་ལ་ཏུ་མཇལ་ཏེ་ཡེ་ཤུའི་སྤུར་གནང་ཕྱིར་ཞུས་སོ། ༥༣ ཁོས་སྐུ་སྤུར་མར་ཕབས་ཏེ། རས་ནང་བཏུམས་ནས། སྔར་སུའང་མ་བཞག་པའི་བྲག་ནང་བརྐོས་པའི་སྤུར་ཁང་ནང་གདན་ཞུས་སོ། ༥༤-༥༥ ཤབ་བཱད་ཉེ་བས། ཞག་དེ་ནི་སྟ་གོན་གྱི་ཉིན་མོ་ཡིན་ཏེ་ཁོང་མཉམ་ག་ལིལ་ནས་འོངས་པའི་བུད་མེད་རྣམས་ཕྱི་བཞིན་སོང་སྟེ། སྤུར་ཁང་དེ་དང་སྐུ་སྤུར་ཇི་ལྟར་བཞག་པ་མཐོང་ནས། ༥༦ ལོག་འོངས་ཏེ་དྲི་བཟང་དང་སྤོས་ཆུ་བཤམས་ནས། ཤབ་བཱད་ཀྱི་ཞག་བཀའ་ཁྲིམས་བཞིན་དལ་བར་བསྡད་དོ༎