༢༤
བདུན་ཕྲག་གི་ཞག་དང་པོའི་ཐོ་རངས་ལ། བུད་མེད་རྣམས་ཀྱིས་བཤམས་པའི་དྲི་བཟང་ཁུར་ནས། སྤུར་ཁང་ལ་བསླེབས་པ་དང་།  སྤུར་ཁང་ལས་ཁ་རྡོ་བསྒྲིལ་ཡོད་པ་མཐོང་བས།  ནང་དུ་ཞུགས་ནས་ལྟ་དུས། གཙོ་བོ་ཡེ་ཤུའི་སྤུར་མེད་པས།  ཅི་བྱ་མ་ཤེས་པའི་སྒང་ལ། གོས་བཀྲག་མདངས་ཆེ་བ་གོན་པའི་མི་གཉིས་འབྱུང་བས།  བུད་མེད་རྣམས་འཇིགས་ཏེ། ཁ་འབུབ་ལོག་གོ། དེ་གཉིས་ཀྱིས། གསོན་པོ་དེ་གཤིན་པོའི་ཁྲོད་དུ་ཅི་ལ་འཚོལ། ༦-༧ ཁོང་སྐུ་གསོན་པོར་བཞེངས་པས་འདིར་མེད། ག་ལིལ་དུ་བཞུགས་པའི་ཚེ་ཁོང་གིས། མིའི་བུ་ནི་སྡིག་ཅན་ལ་བཏད་དེ་རྒྱང་ཤིང་ལ་བཀྲོངས་ནས། ཞག་གསུམ་པར་གསོན་པོར་བཞེངས་དགོས་ཞེས་གསུངས་པ་དྲན་ཞིག་སྨྲས་སོ།  དེ་ཚོས་གསུང་དྲན་ཏེ།  སྤུར་ཁང་ནས་ལོག་འོངས་ཏེ། གནས་ལུགས་དེ་ཐམས་ཅད་སྐུ་ཚབ་བཅུ་གཅིག་པོ་དང་གཞན་ཐམས་ཅད་ལ་བཤད་དོ། ༡༠ བཤད་མཁན་ནི་མག་དལ་མ་མིར་ཡམ་དང་། ཡོ་ཧན་ནཱ་དང་ཡ་ཀོབ་ཀྱི་མ་མིར་ཡམ་དང་། མཉམ་དུ་ཡོད་པའི་བུད་མེད་གཞན་རྣམས་སོ། ༡༡ གཏམ་དེ་འཆོལ་གཏམ་དུ་སྣང་བས་དེ་རྣམས་ཡིད་མ་ཆེས་ཏེ། ༡༢ པེ་ཏྲོ་ལངས་ནས་བརྒྱུག་ཅིང་སྤུར་ཁང་ལ་སོང་སྟེ། དགུས་ནས་བལྟས་པས། སྤུར་རས་དེ་ལོགས་ལ་བཞག་ནས་གཤེགས་ཟིན་པ་མཐོང་སྟེ། ཅི་བྱུང་བ་ལ་ངོ་མཚར་དུ་གྱུར་ཏོ༎
༡༣ ཞག་དེ་ཀར་ཉེ་གནས་གཉིས་ཡེ་རུ་ཤ་ལེམ་ནས་དཔག་ཚད་གཉིས་ལ་ཡོད་པའི་ཨེ་མ་ཨུས་བྱ་བའི་ཡུལ་ལ་འགྲོ་མུར། ༡༤ ཅི་འབྱུང་བ་ཐམས་ཅད་ཀྱི་སྐོར་དུ་གླེང་ངོ་། ༡༥ ཕན་ཚུན་གླེང་བའི་ཚེ་ཡེ་ཤུ་རང་ཉིད་དེ་དག་དང་ཉེ་བར་ཕེབས་ནས་མཉམ་དུ་གཤེགས་ཀྱང་། ༡༦ དེ་དག་གི་མིག་བསྒྲིབས་པས་ངོ་མ་ཤེས་སོ། ༡༧ ཁོང་གིས། འགྲོ་མུར་ལབ་པའི་གཏམ་འདི་ཅི་ཡིན་གསུངས་ནས། དེ་དག་སེམས་སྐྱོ་ཞིང་ཀྲོང་ངེར་བསྡད་དོ། ༡༨ དེ་ནས་ཀ་ལོ་པཱ་བྱ་བ་དེས། ཡེ་རུ་ཤ་ལེམ་ལ་སོང་བའི་དཀྱིལ་ནས། དེང་སང་དེར་བྱུང་བ་རྒྱུས་མེད་པ་དེ་ཁྱེད་གཅིག་པུ་ཡིན་ནམ་ཞུས་པས། ༡༩ ཁོང་གིས་གང་བྱུང་སོང་གསུངས་པས། དེ་དག་གིས། དཀོན་མཆོག་དང་མི་སྡེ་ཡོངས་ཀྱི་ཞལ་ངོར་མཛད་པ་དང་གསུང་མཐུ་ལྡན་གྱི་ལུང་སྟོན་པ་ཡིན་པའི་ན་ཙཱ་རེད་པ་ཡེ་ཤུ་ལ་བྱུང་བ་རྣམས་སོ། ༢༠ བླ་ཆེན་དང་ང་ཚོའི་དཔོན་པོ་རྣམས་ཀྱི་ཁོང་གསོད་པའི་ཁྲིམས་ལ་བཏད་ནས། རྒྱང་ཤིང་ལ་བརྐྱངས་ནས་བཀྲོངས་སོ། ༢༡ ཁོང་གིས་ཨིས་ར་ཨེལ་སྐྱབ་འོང་བ་ལ་ང་ཚོས་རེ་བ་བྱས་ཀྱང་། བྱ་བ་དེ་ཐམས་ཅད་བྱུང་ནས་ད་ཞག་གསུམ་སོང་། ༢༢-༢༣ དེ་ནས་ང་ཚོའི་ནང་ནས་བུད་མེད་རེ་སྔ་དྲོ་སྤུར་ཁང་ལ་སོང་བས། སྤུར་མ་ཐོབ་པར། ཁོང་སྐུ་གསོན་པོར་བཞེངས་ཟེར་བའི་ཕོ་ཉའི་ཞལ་གཟིགས་མཐོང་ཟེར་ཞིང་འོངས་ནས་ང་ཚོ་ངོ་མཚར་དུ་གྱུར་ཏོ། ༢༤ ང་ཚོའི་ཁྲོད་ནས་ཀྱང་ཁ་ཅིག་སྤུར་ཁང་ལ་སོང་ནས། བུད་མེད་ཀྱིས་བཤད་པ་ལྟར་མཐོང་། ཁོང་ནི་མ་མཇལ་ཏོ་ཞུས་སོ། ༢༥ ཁོང་གིས། བླུན་པོ་ཁྱོད། ལུང་སྟོན་པ་རྣམས་ཀྱིས་བཤད་པར་ཡིད་མ་ཆེས་པའི་བློ་དྲེད་པོ་ཁྱོད། ༢༦ མཱ་ཤི་ཀ་ཉིད་ཀྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་སྡུག་བསྔལ་མྱོང་དགོས་པ་མི་ཤེས་སམ་གསུངས་ནས། ༢༧ མོ་ཤེ་དང་ལུང་སྟོན་པ་ཐམས་ཅད་ནས་འགོ་བཙུགས་ཏེ། གསུང་རབ་ཐམས་ཅད་ནང་ཉིད་ཀྱི་སྐོར་དུ་བྲིས་པ་རྣམས་ཀྱི་དོན་བཤད་པར་མཛད་དོ༎
༢༨ དེ་གཉིས་འགྲོ་བའི་ཡུལ་ལ་ཉེ་བ་དང་། ཁོང་དེ་ནས་ཕར་ཙམ་ཕེབས་པ་ལྟར་མཛད་པས། ༢༩ དེ་དག་གིས་ཁོང་ལ། སྲོད་རུབ་ཏུ་ཉེ་བས། ང་ཚོ་མཉམ་བཞུགས་ཞུས་ནས་ཨུ་ཚུགས་ཕུལ་བ་དང་། ཁོང་དེ་དག་མཉམ་བཞུགས་ཕྱིར་ནང་ལ་ཕེབས་སོ། ༣༠ དེ་གཉིས་དང་མཉམ་དུ་གསོལ་བ་བཞེས་པའི་ཚེ། བག་ལེབ་ཕྱག་ཏུ་བཞེས་ནས། བྱིན་རླབས་མཛད་དེ། བཅགས་ནས་དེ་དག་ལ་གནང་བས། ༣༡ དེ་དག་གི་མིག་བྱེ་སྟེ། ཁོང་ངོ་ཕྲོད་པ་དང་། ཁོང་མི་སྣང་བར་གྱུར་ཏོ། ༣༢ དེ་དག་གིས་འདི་སྐད་དུ། ལམ་ལ་ཁོང་གིས་ང་ཚོར་གསུང་གླེང་མཛད་ཅིང་། གསུང་རབ་ཀྱི་དོན་བཀྲོལ་དུས་སུ། ང་ཚོའི་སྙིང་མ་དྲོས་སམ། ཞེས་ཕན་ཚུན་ཟེར་ཞིང་། ༣༣-༣༤ དེ་མ་ཐག་མལ་ལས་ལངས་ཏེ་ཡེ་རུ་ཤ་ལེམ་དུ་ལོག་ནས། གཙོ་བོ་བདེན་པར་བཞེངས་པ་ཡིན། ཤི་མོན་གྱིས་མཇལ་ཏོ་ཟེར་བའི་བཅུ་གཅིག་པོ་དང་། དེར་འདུས་ཡོད་པ་རྣམས་དང་ཕྲད་ནས། ༣༥ དེ་གཉིས་ཀྱིས་ལམ་བར་དུ་བྱུང་བ་དང་། བག་ལེབ་བཅག་དུས་སུ་ཁོང་མངོན་པ་དེ་བཤད་དོ༎
༣༦ དེ་ཟེར་བའི་འཕྲོ་ལ། ཡེ་ཤུ་དེ་རྣམས་ཀྱི་དཀྱིལ་དུ་བཞེངས་ཡོད་དོ། ༣༧ དེ་ཚོ་འདྲོགས་ཤིང་འཇིགས་ནས། འདྲེ་མཐོང་ངོ་བསམས་པ་ལས། ༣༨ ཁོང་གིས་ཅི་ལ་འདྲོགས། ཐེ་ཚོམ་ཅི་ལ་སྐྱེད། ༣༩ ང་རང་ཡིན་པ་ངའི་རྐང་ལག་ལ་ལྟོས། ང་ལ་རེག་ནས་ལྟོས། འདྲེ་ལ་ཤ་དང་རུས་པ་མེད་ཅིང་། ང་ལ་ཡོད་པ་ཁྱེད་ཀྱིས་མཐོང་ངོ་གསུངས་ནས། ༤༠ ཕྱག་དང་ཞབས་བསྟན་པར་མཛད་དོ། ༤༡ དེ་ཚོ་དགའ་དྲགས་ནས་ད་དུང་ཡང་ཡིད་མ་ཆེས་པར། ངོ་མཚར་དུ་གྱུར་བས། ཁོང་གིས། འདིར་ཟ་རྒྱུ་ཞིག་ཡོད་དམ་གསུངས་ནས། ༤༢ ཉ་བརྔོས་པ་དུམ་པོ་ཞིག་ཕུལ་བས། ༤༣ དེ་ཚོའི་མདུན་དུ་བཞེས་སོ༎
༤༤ དེ་ནས་དེ་ཚོར། ང་ཁྱེད་དང་མཉམ་དུ་ཡོད་དུས་སུ། འདི་སྐད་དུ། མོ་ཤེའི་བཀའ་ཁྲིམས་དང་། ལུང་བསྟན་དང་། གསུང་མགུར་རྣམས་ནང་ངའི་སྐོར་དུ་བྲིས་པ་ཐམས་ཅད་འགྲུབ་དགོས་སོ་ཞེས་སྨྲས་པ་ཡིན་གསུངས་སོ། ༤༥ དེ་ནས་གསུང་རབ་ཀྱི་དོན་གོ་བའི་ཕྱིར་དེ་ཚོའི་ཤེས་པ་གསལ་བར་མཛད་དེ། ༤༦ གསུངས་པ། འདི་ལྟར་བྲིས་འདུག་སྟེ། མཱ་ཤི་ཀ་སྡུག་བསྔལ་མྱང་ནས། ཞག་གསུམ་པ་ལ་གཤིན་པོའི་ཁྲོད་ནས་བཞེངས་པར་འགྱུར། ༤༧ ཡེ་རུ་ཤ་ལེམ་ནས་འགོ་བཙུགས་ཏེ། མི་བརྒྱུད་ཐམས་ཅད་ལ་ཁོང་གི་མཚན་གྱི་སྒོ་ནས་ཡིན་པའི། འགྱོད་ཚངས་དང་། སྡིག་པ་སེལ་བའི་ཆོས་འཆད་འོང་ངོ་། ༤༨ ཁྱེད་ནི་བྱ་བ་དེ་རྣམས་ཀྱི་དཔང་པོ་ཡིན་ནོ། ༤༩ ངའི་ཡབ་ཀྱིས་ཞལ་ཆད་མཛད་པ་དེ། ངས་ཁྱེད་ལ་གཏང་བས། སྟེང་ནས་མཐུ་སྟོབས་ཀྱིས་ཁྱབ་པའི་བར་དུ་རྒྱལ་སའི་ནང་སྒུག་ཅིག་ཅེས་བཀའ་སྩལ་ཏོ༎
༥༠ དེ་ཚོ་བེད་ཨན་ཡཱ་ཐུག་ཕར་འཁྲིད་ནས། ཕྱག་བཏེགས་ནས་དེ་ཚོར་བྱིན་གྱིས་བརླབས་སོ། ༥༡ བྱིན་རླབས་མཛད་པའི་རིང་ལ་དེ་ཚོ་དང་བྲལ་ནས། ནམ་མཁར་གདན་དྲངས་སོ། ༥༢ དེ་ཚོས་ཕྱག་བཙལ་ནས། ཡི་རང་ཞིང་ཡེ་རུ་ཤ་ལེམ་དུ་ལོག་སྟེ། ༥༣ དུས་རྒྱུན་དུ་མཆོད་ཁང་དུ་སྡོད་ཅིང་དཀོན་མཆོག་ལ་བསྟོད་དོ༎ ༎