༡༦
ཤབ་བཱད་ཐོན་པ་དང་། མག་དལ་མ་མིར་ཡམ་དང་། ཡ་ཀོབ་ཀྱི་མ་མིར་ཡམ་དང་། ས་ལོ་མེས་སྤུར་ལ་འབྱུག་པའི་ཕྱིར་དྲི་བཟང་ཉོས་ནས།  བདུན་ཕྲག་གི་ཞག་དང་པོ་ལ། ཤིན་ཏུ་སྔ་བར་ལངས་ནས་ཉི་མ་ཤར་བ་དང་སྤུར་ཁང་དུ་བསླེབས་ཏེ།  ཕན་ཚུན་གཏམ་བྱེད་ཅིང་། ང་ཚོའི་ཕྱིར་སྤུར་ཁང་གི་ཁ་རྡོ་སུས་བསྒྲིལ་འོང་ཟེར་ཞིང་བལྟས་པས།  ཕ་བོང་ཆེན་པོ་ཞིག་ཡིན་ཀྱང་བསྒྲིལ་ཟིན་ཡོད་པ་མཐོང་ངོ་།  སྤུར་ཁང་གི་ནང་དུ་ཞུགས་པ་དང་། གོས་དཀར་པོ་གོན་པའི་གཞོན་ནུ་ཞིག་གཡས་ཕྱོགས་སུ་བསྡད་པ་མཐོང་ནས་འཇིགས་སོ།  དེས། མ་འཇིགས་ཤིག ཁྱེད་ཚོས་འཚོལ་བའི་རྒྱང་ཤིང་ལ་བརྐྱངས་པའི་ན་ཙཱ་རེད་པ་ཡེ་ཤུ་ཁོང་ནི་སྐུ་གསོན་པོར་བཞེངས་ཏེ་འདིར་མེད། ཁོང་གི་སྐུ་སྤུར་བཞག་པའི་གནས་འདི་ཡིན།  སོང་ལ་ཉེ་གནས་དང་པེ་ཏྲོ་ལ་འདི་སྐད་དུ། སྔར་གསུངས་པ་བཞིན་དུ་ཁོང་ཁྱེད་ལས་སྔོན་དུ་ག་ལིལ་དུ་ཕེབས་ནས། དེ་རུ་མཇལ་འོང་སྨྲོས་ཤིག་ཟེར་བ་དང་།  བུ་མོ་རྣམས་འདར་ཞིང་འཇིགས་པས་ཐོན་ཏེ་སྤུར་ཁང་ནས་བྲོས་ཏེ། འཚབས་ནས་སུ་ལའང་མ་སྨྲས་སོ༎
 ཡེ་ཤུ་བདུན་ཕྲག་གི་ཞག་དང་པོའི་སྔ་དྲོར་སྐུ་གསོན་པོར་བཞེངས་པ། འགོང་པོ་བདུན་བཏོན་པའི་མག་དལ་མ་མིར་ཡམ་གྱིས་དང་པོར་མཇལ་ནས་སོང་སྟེ། ༡༠ ངུ་ཞིང་མྱ་ངན་བྱེད་པའི་ཁོང་གི་འཁོར་རྣམས་ལ་བཤད་ཀྱང་། ༡༡ ཁོང་སྐུ་གསོན་པོར་ཡོད་པ་དང་། མིར་ཡམ་གྱིས་མཇལ་བ་ཐོས་ནས་ཡིད་མ་ཆེས་སོ༎
༡༢ དེའི་རྗེས་སུ་དེ་ཚོའི་ནང་ནས་ཡུལ་ཚོ་ལ་འགྲོ་བ་གཉིས་ལ་སྐུ་གཟུགས་གཞན་དུ་གྱུར་ཏེ་མངོན་པར་མཛད་པས། ༡༣ དེ་དག་ལོག་ནས་གཞན་ཚོར་བཤད་ཀྱང་ཡིད་མ་ཆེས་སོ༎
༡༤ དེའི་རྗེས་སུ་བཅུ་གཅིག་པོ་ཁ་ཟས་ཟ་བའི་ཚེ་སྐུ་མངོན་པར་མཛད་དེ། སྐུ་གསོན་པོར་བཞེངས་པར་མཇལ་བ་ལ་ཡིད་མ་ཆེས་པས། སྙིང་གྱོང་ཞིང་དད་པ་མེད་པར་བཀའ་བཀྱོན་མཛད་དོ། ༡༥ དེ་རྣམས་ལ། འཇིག་རྟེན་ཀུན་ཏུ་སོང་ལ་མི་ཐམས་ཅད་ལ་ཕྲིན་བཟང་བཤོད་ཅིག ༡༦ དད་ཅིང་ཁྲུས་ཐོབ་པ་རྣམས་ཐར་བར་འགྱུར། མི་དད་པ་རྣམས་ལ་ཆད་པ་གཅོད་པར་འགྱུར་རོ། ༡༧ ཡང་དད་པ་བྱེད་མཁན་ལ་ངའི་མཚན་བརྗོད་ཅིང་འགོང་པོ་སྐྲོད་པ་དང་། སྐད་གསར་པས་སྨྲ་བ་དང་། ༡༨ སྦྲུལ་ལག་པར་ལེན་པ་དང་། དུག་ཆེན་རིགས་ཐུང་ནའང་མི་གནོད་པ་དང་། ནད་པའི་ཐོག་ཏུ་ལག་པ་བཞག་ནས་ནད་གསོ་བའི་ལྟས་དང་ལྡན་པར་འགྱུར་རོ་གསུངས་སོ༎
༡༩ དེ་ལྟར་གཙོ་བོ་ཡེ་ཤུས་དེ་དག་ལ་གདམས་པའི་འོག་ཏུ། ཁོང་ནམ་མཁར་གདན་དྲངས་ནས། དཀོན་མཆོག་གི་ཕྱག་གཡས་སུ་བཞུགས་སོ། ༢༠ དེ་དག་སོང་ནས་ཕྱོགས་ཀུན་ཏུ་ཆོས་བཤད་ཅིང་། གཙོ་བོ་དེ་རྣམས་དང་འགྲོགས་ཏེ། ལྟས་བསྟན་པའི་སྒོ་ནས་བཀའ་དེ་བདེན་པ་ཡིན་པར་བསྟན་ཏོ༎ ༎