༡༥
སྔ་དྲོ་བླ་ཆེན་དང་། རྒན་པོ་དང་། མཁན་པོ་དང་། གྲོས་མི་ཐམས་ཅད་ཀྱིས་གྲོས་བྱས་ཏེ། ཡེ་ཤུ་བཀྱིགས་ནས་ཁྲིད་དེ། པི་ལ་ཏུའི་ལག་ཏུ་བཏད་དོ། ༢ པི་ལ་ཏུས་ཁོང་ལ། ཁྱེད་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ་ཞུས་ནས། བཀའ་ལན་དུ། ཁྱེད་ཀྱིས་སྨྲས་པ་བཞིན་ནོ་གསུངས། ༣ བླ་ཆེན་དག་གིས་ཁོང་ལ་ཉེས་སྐྱོན་མང་པོ་བཀལ་བ་དང་། ༤ པི་ལ་ཏུས་ཁོང་ལ། ལན་ཅིའང་མི་གཏོང་ངམ། དེ་དག་གིས་ཉེས་སྐྱོན་ཇི་ཙམ་འགེལ་ལོ། ཞེས་སླར་ཞུས་ཀྱང་། ༥ ཡེ་ཤུས་བཀའ་ལན་ཅིའང་མ་གནང་བས། པི་ལ་ཏུ་ངོ་མཚར་དུ་གྱུར་ཏོ༎༦ དུས་ཆེན་དེ་ལ་མི་ཚོགས་དགའ་བའི་བཙོན་པ་ཞིག་ཐར་བ་བྱེད་པའི་སྲོལ་ཡོད་པ་ཡིན། ༧ ནང་འཁྲུག་གི་ཚེ་གསོད་གཅོད་བྱས་པའི་ངོ་ལོག་རྣམས་ལས་གཅིག་བ་རབ་བཱ་བྱ་བ་བཙོན་ལ་ཡོད་པ་ཡིན། ༨ མི་ཚོགས་ཀྱིས་པི་ལ་ཏུ་མཇལ་ནས། སྲོལ་བཞིན་དུ་མཛོད་ཅིག་ཞུས་པས། ༩-༡༠ པི་ལ་ཏུས་བླ་ཆེན་གྱིས་ཕྲག་དོག་བྱས་ནས་ཁོང་བཏད་པ་ཤེས་ནས་ལན་དུ། ཡ་ཧུ་དཱ་པའི་རྒྱལ་པོ་ཐར་བར་བྱེད་པ་ལ་དགའ་འམ་དྲིས་སོ། ༡༡ བླ་ཆེན་དག་གིས་བ་རབ་བཱ་དེ་ཉིད་ཐར་བར་མི་ཚོགས་ལ་བསྐུལ་ཏོ། ༡༢ པི་ལ་ཏུས་དེ་རྣམས་ལ། ཁྱེད་ཀྱིས་ཡ་ཧུ་དཱ་པའི་རྒྱལ་པོ་ཞེས་ཟེར་བ་ལ་ངས་ཅི་བྱ་ཞེས་སླར་དྲིས་པ་དང་། ༡༣ སྐད་ཆེན་པོས་རྒྱང་ཤིང་ལ་རྐྱོངས་ཤིག་ཅེས་སླར་སྨྲས་པས། ༡༤ པི་ལ་ཏུས། ངན་པ་ཅི་བྱས་ཟེར་ཡང་། སྐད་ལྷག་པར་ཆེན་པོས་རྒྱང་ཤིང་ལ་རྐྱོངས་ཤིག་སྨྲས་པ་ལས། ༡༥ པི་ལ་ཏུས་མི་ཚོགས་ཀྱི་བློ་ཚིམ་འཇུག་པར་འདོད་དེ། བ་རབ་བཱ་ཐར་བར་བཏང་ནས། ཡེ་ཤུ་ལ་རྟ་ལྕག་གིས་བརྡུངས་ནས། རྒྱང་ཤིང་ལ་རྐྱོང་བའི་ཕྱིར་བཏད་དོ༎
༡༦ དམག་མིས་ཕོ་བྲང་གི་ཚོམས་ནང་ཁོང་ཁྲིད་དེ། དམག་ཚོ་བསྡུས་ནས། ༡༧ ན་བཟའ་དམར་པོ་བསྐོན། ཚེར་མའི་ཅོད་པན་ལྷས་ཏེ་དབུ་ལ་གསོལ་ནས། ༡༨ ཡ་ཧུ་དཱ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ཞེས་ཞུ་ཞིང་ཕྱག་བྱས། ༡༩ སྨྱུག་བེར་གྱིས་དབུ་ལ་བརྡུང་ཞིང་། ཐུ་ལུ་རྒྱབ་ཀྱིན། པུས་མོ་བཙུག་ནས་ཕྱག་ཕུལ་ཏོ། ༢༠ ཁོང་ལ་འཕྱས་ཟིན་ནས། ན་བཟའ་དམར་པོ་ཕུད། ཁོང་ཉིད་ཀྱི་ན་བཟའ་དེ་གསོལ་ནས། རྒྱང་ཤིང་ལ་རྐྱོང་ཕྱིར་ཕྱི་རོལ་དུ་ཁྲིད་དོ༎
༢༡ ཨ་ལེག་སན་དེར་དང་རུ་ཕུའི་ཕ་ཀི་རེ་ནེ་པ་ཤི་མོན་ཀླུངས་ནས་འོང་བ་ལ། ཁོང་གི་རྒྱང་ཤིང་འཁུར་ཕྱིར་དབང་བྱས་སོ། ༢༢ ཁོང་གོལ་གོ་ཐཱ། བོད་སྐད་དུ། ཐོད་པའི་གནས་ལ་གདན་དྲངས་ནས། ༢༣ གན་དྷ་ར་ས་བསྲེས་པའི་རྒུན་ཆང་ཕུལ་ཀྱང་མ་བཞེས་སོ༎
༢༤ དེ་ནས་ཁོང་རྒྱང་ཤིང་ལ་བརྐྱངས་སོ། དམག་མི་རེ་རེར་ཅི་ཐོབ་རྒྱན་བརྒྱབས་ཏེ། ན་བཟའ་དགོས་སོ། ༢༥ རྒྱང་ཤིང་ལ་བརྐྱང་བའི་དུས་ཉིན་མོའི་ཆུ་ཚོད་དགུ་པའོ། ༢༦ ཁོང་ལ་བཏགས་པའི་ཉེས་སྐྱོན་ནི། ཡ་ཧུ་དཱ་པའི་རྒྱལ་པོ་ཞེས་བྲིས་ཡོད་པ་ཡིན། ༢༧ ཁོང་མཉམ་དུ་ཇག་པ་མི་གཉིས་ནས་གཅིག་ཁོང་གི་གཡས་དང་གཅིག་གཡོན་དུ་རྒྱང་ཤིང་ལ་བརྐྱངས་སོ། ༢༨ ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽ ༢༩ དེར་འགྲུལ་མཁན་རྣམས་ཀྱིས་མགོ་གཡུག་ཅིང་སྨད་དེ། མཆོད་ཁང་བཤིག་སྟེ་ཞག་གསུམ་ལ་རྩིག་མཁན་ཁྱོད། ༣༠ རང་སྐྱོབ་ཅིག རྒྱང་ཤིང་ལས་མར་བོབས་ཤིག་སྨྲས་སོ། ༣༡ དེ་བཞིན་དུ་བླ་ཆེན་དང་མཁན་པོ་རྣམས་ཀྱིས་ཀྱང་ཕན་ཚུན་གླེང་ཞིང་། ཁོས་གཞན་སྐྱོབ་ཅིང་རང་སྐྱོབ་མི་ཐུབ་བོ། ༣༢ ཨིས་ར་ཨེལ་གྱི་རྒྱལ་པོ་མཱ་ཤི་ཀ ང་ཚོས་མཐོང་ནས་དད་པའི་ཕྱིར། ད་རྒྱང་ཤིང་ལས་མར་བོབས་ཤིག་ཟེར་ཏོ། ཁོང་མཉམ་དུ་བརྐྱངས་པ་གཉིས་ཀྱིས་ཀྱང་སྨད་དོ༎
༣༣ ཉིན་ཕྱེད་ལ་ཡུལ་ཐམས་ཅད་མུན་པས་འཐིབས་ནས་ཆུ་ཚོད་གསུམ་པའི་བར་དུ་ལུས་སོ། ༣༤ ཆུ་ཚོད་གསུམ་པ་ལ་ཡེ་ཤུས་གསུང་སྐད་ཆེན་པོས། ཨེ་ལོ་ཨི། ཨེ་ལོ་ཨི། ལ་མ་ཤ་བ་ཁ་ཐ་ནི། བོད་སྐད་དུ། ངའི་དཀོན་མཆོག ངའི་དཀོན་མཆོག ཁྱེད་ཀྱིས་ང་ཅི་ལ་སྤངས་པ་ཡིན། གསུངས་སོ། ༣༥ དེར་ཡོད་པ་རེས་ཐོས་ནས། ཨེ་ལི་ཡཱ་ལ་འབོད་དོ་སྨྲས་པ་དང་། ༣༦ གཅིག་བརྒྱུགས་ནས། ཆུ་བལ་ཆང་སྐྱུར་གྱི་ནང་དུ་སྦངས་ནས། སྨྱུག་མའི་རྩེ་ལ་སྐྱོན་ཏེ། བཞེས་པའི་ཕྱིར་བསྲིངས་ནས། ཨེ་ལི་ཡཱ་ཁོ་ཕབ་ཕྱིར་ཕེབས་སམ་མི་ཕེབས་བལྟའོ་སྨྲས་སོ། ༣༧ དེ་ནས་ཡེ་ཤུས་གསུང་སྐད་དྲག་པོ་བཏོན་པར་མཛད་དེ། སྐུ་སྲོག་གནང་ངོ་། ༣༨ མཆོད་ཁང་གི་ཡོལ་བ་འགོ་ནས་མཇུག་ཏུ་ཁག་གཉིས་ལ་རལ། ༣༩ ཁོང་གི་དྲུང་དུ་ཡོད་པའི་བརྒྱ་དཔོན་གྱིས། ཁོང་འདི་ལྟར་གྲོངས་པ་མཐོང་ནས། སྐྱེས་བུ་འདི་དཀོན་མཆོག་གི་སྲས་ཡིན་པར་བདེན་ནོ་ཞེས་སྨྲས་སོ། ༤༠-༤༡ ཁོང་ག་ལིལ་དུ་བཞུགས་དུས་རྗེས་སུ་འབྲངས་ཏེ་ཞབས་ཕྱི་ཞུ་བའི་བུད་མེད་ནི་མག་དལ་མ་མིར་ཡམ་དང་། ཡ་ཀོབ་ཆུང་བ་དང་ཡོ་སེའི་མ་མིར་ཡམ་དང་། ས་ལོ་མེ་དང་། ཁོང་མཉམ་ཡེ་རུ་ཤ་ལེམ་ལ་འོངས་པའི་བུད་མེད་གཞན་མང་པོས་ཀྱང་ཐག་རིང་ནས་བལྟས་སོ༎
༤༢ ཕྱི་དྲོ་ཤབ་བཱད་ཀྱི་ཞག་སྔ་མ་སྟ་གོན་གྱི་ཉིན་མོ་ཡིན་པས། ༤༣ རྩིས་ཆེ་བའི་གྲོས་མི་ཨ་རི་མ་ཐི་ཡཱ་པ་ཡོ་སེབ། དཀོན་མཆོག་གི་རྒྱལ་སྲིད་ལའང་སྒུག་པ་དེ་འོངས་ནས། སྤོབས་པ་བྱས་ནས་པི་ལ་ཏུ་མཇལ་ཏེ། ཡེ་ཤུའི་སྤུར་གྱི་ཕྱིར་ཞུས་པ་དང་། ༤༤ གྲོངས་ཟིན་པ་ལ་པི་ལ་ཏུ་ངོ་མཚར་དུ་གྱུར་ཏེ། བརྒྱ་དཔོན་བོས་ནས། ཁོང་གྲོངས་ཟིན་ནམ་ཞེས་དྲིས་ཏེ། ༤༥ བརྒྱ་དཔོན་ལས་བརྟགས་ནས། སྤུར་ཡོ་སེབ་ལ་བཏང་ངོ་། ༤༦ དེས་རས་ཉོས་ནས་སྤུར་ཕབས་ཏེ། རས་ཀྱི་ནང་དུ་བཏུམ་ནས། བྲག་ནང་བརྐོས་པའི་དུར་ཁང་ནང་གདན་ཞུས་ཏེ། ཁ་ལ་ཕ་བོང་ཞིག་བསྒྲིལ་ལོ། ༤༧ མག་དལ་མ་མིར་ཡམ་དང་། ཡོ་སེའི་མ་མིར་ཡམ་གྱིས་ཁོང་གདན་ཞུ་ས་མཐོང་ངོ་༎