༡༤
པེ་སག་དང་སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་ལས་ཞག་གཉིས་སྔོན་དུ། བླ་ཆེན་དང་མཁན་པོ་རྣམས་ཀྱིས་གཡོ་སྒྱུས་ཁོང་བཟུང་ནས་གསོད་པའི་ཐབས་བཙལ་ཏེ།  མི་སྡེ་མི་འཁྲུགས་ཕྱིར་དུས་ཆེན་ལ་མི་གཟུང་ཞེས་སྨྲས་སོ༎
 ཡེ་ཤུས་བེད་ཨན་ཡཱར། མཛེ་ཅན་ཤི་མོན་གྱི་ཁྱིམ་དུ་གསོལ་བ་བཞེས་པའི་ཚེ། སྤོས་ཆུ་རིན་ཅན་གྱི་ཀ་མ་རུའི་བུམ་པ་འཁུར་བའི་བུད་མེད་གཅིག་འོངས་ནས། བུམ་པའི་ཁ་བཅག་སྟེ་དབུའི་ཁར་བླུགས་སོ།  དེར་ཡོད་པ་རེ་ཁྲོས་ནས། སྤོས་ཆུ་འདི་ཅིའི་ཕྱིར་ཆུད་ཟོས་ལ་བཏང་།  དི་ནར་གསུམ་བརྒྱ་ལྷག་ལ་བཙོངས་ནས་དབུལ་པོར་སྦྱིན་ནུས་ཞེས་ཕན་ཚུན་ཟེར་ཞིང་། བུད་མེད་ལ་གཤེས་སོ།  ཡེ་ཤུས་དེ་རྣམས་ལ། ཅོག་གེར་ཞོག མོའི་སེམས་ཅི་ལ་དཀྲུག དེས་ང་ལ་བཟང་པོ་ཞིག་བྱས།  དབུལ་པོ་རྒྱུན་དུ་ཁྱེད་རྩར་ལུས་པས། ནམ་དགའ་ནའང་དེ་ལ་ཕན་ཐུབ་ཀྱང་། ང་རྒྱུན་དུ་ཁྱེད་རྩར་མི་ལུས།  མོས་གང་ཐུབ་པ་དེ་བྱས་པ་ཡིན། ང་དུར་དུ་འཇུག་པའི་སྔོན་དུ་སྤོས་ཆུ་བླུགས་པ་ཡིན་ནོ།  འཇིག་རྟེན་ནང་གང་དུའང་ཕྲིན་བཟང་འདི་འཆད་ན། མོས་བྱས་པའང་ཁོའི་དྲན་རྟགས་སུ་འཆད་འོང་ངས་བདེན་པར་ཟེར་གསུངས་སོ༎
༡༠ ཉེ་གནས་བཅུ་གཉིས་པོ་ལས་གཅིག་ཡིན་པའི་ཀར་ཡོད་པ་ཡུ་དཱས། ཁོང་བླ་ཆེན་རྣམས་ཀྱི་ལག་ཏུ་གཏད་པའི་ཕྱིར་དེ་རྣམས་ཀྱི་རྩར་སོང་བ་དང་། ༡༡ དེ་རྣམས་ཀྱིས་ཐོས་ཏེ་དགའ་ནས། ཁོ་ལ་དངུལ་སྟེར་བའི་ཁ་ཆད་བྱས་པས། ཁོས་ཁོང་གཏད་པའི་སྐབས་བཙལ་ཏོ༎
༡༢ སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་གྱི་ཞག་དང་པོར། པེ་སག་གི་ལུག་གུ་གསོད་པའི་ཞག་ལ། ཉེ་གནས་རྣམས་ཀྱིས་ཁོང་ལ། ང་ཚོ་སོང་ནས་ཁྱེད་ཀྱི་ཕྱིར་པེ་སག་གང་དུ་བཤམ་ཞུས་པ་དང་། ༡༣ ཉེ་གནས་གཉིས་བརྫངས་ནས་དེ་དག་ལ། རྒྱལ་སར་སོང་ཞིག ཆུ་རྫ་འཁུར་བ་ཞིག་འཕྲད་འོང་། ཁོའི་རྗེས་སུ་སོང་ལ། ༡༤ ནང་གང་དུ་ཞུགས་པའི་ཁང་བདག་ལ། ང་ཉེ་གནས་མཉམ་པེ་སག་ཟ་བའི་མགྲོན་ཁང་གང་ན་ཡོད་ཅེས་སྟོན་པས་གསུང་ངོ་སྨྲོས་ཤིག ༡༥ དེས་གདན་བཏིང་ནས་གྲལ་འགྲིག་ཡོད་པའི་སྟེང་ཁང་ཆེན་པོ་ཞིག་བསྟན་འོང་། དེར་ང་ཚོའི་པེ་སག་ཤོམས་ཤིག་གསུངས་སོ། ༡༦ དེ་དག་སོང་ནས་རྒྱལ་སར་བསླེབས་ཏེ། གང་གསུངས་པ་བཞིན་དུ་བརྙེད་ནས། པེ་སག་བཤམས་སོ། ༡༧ ཕྱི་དྲོ་ཉེ་གནས་བཅུ་གཉིས་པོ་དང་མཉམ་དུ་ཕེབས་ནས། ༡༨ ཁོང་རྣམས་བཞུགས་ནས་གསོལ་བ་བཞེས་པ་ལས། ཡེ་ཤུས། ང་མཉམ་ཟ་བ་ཁྱེད་ཚོ་ལས་གཅིག་གིས་ང་དགྲའི་ལག་ཏུ་གཏད་འོང་ངས་བདེན་པར་ཟེར་གསུངས་པས། ༡༩ དེ་རྣམས་ཚེར་ཏེ། ང་ཡིན་སྲིད་དམ་ཞེས་རེ་རེས་ཞུས་པའི་བཀའ་ལན་དུ། ༢༠ ཉེ་གནས་བཅུ་གཉིས་པོ་ལས་གཅིག་ང་མཉམ་ཕོར་པའི་ནང་ལག་པ་འཇུག་མཁན་དེ་ཡིན། ༢༡ མདོ་བཞིན་མིའི་བུ་གཤེགས་དགོས་ཀྱང་། མིའི་བུ་གཏོད་པ་དེ་ལ་སྙིང་རེ་རྗེ། མ་སྐྱེས་པ་ཡིན་ན་དེ་ལ་ལེགས་སོ་གསུངས་སོ༎
༢༢ གསོལ་བ་བཞེས་པའི་ཚེ། ཡེ་ཤུས་བག་ལེབ་ཕྱག་ཏུ་བཞེས་ཏེ། སྨོན་ལམ་བཏབ་ནས། བཅག་སྟེ། དེ་རྣམས་ལ་གནང་ཞིང་། འདི་ནི་ངའི་ལུས་ཡིན། ལེན་ལ་ཟོ་གསུངས་སོ། ༢༣ ཕོར་པ་ཕྱག་ཏུ་བཞེས་ཏེ། གཏང་རག་ཕུལ་ནས། དེ་རྣམས་ལ་གནང་བ་དང་། ཐམས་ཅད་ཀྱིས་དེ་ལས་བཏུངས་སོ། ༢༤ འདི་ནི་ཞལ་ཆད་ཀྱི་ངའི་ཁྲག་ཡིན། ཁྲག་དེ་མང་པོའི་དོན་དུ་བླུག་གོ། ༢༥ དཀོན་མཆོག་གི་རྒྱལ་སྲིད་ནང་། གསར་དུ་འཐུང་བའི་བར་དུ། ངས་རྒུན་ཤིང་གི་ཁུ་བ་འདི་ལས་མི་འཐུང་ངས་ཟེར་གསུངས་སོ། ༢༦ དེ་ནས་གསུང་མགུར་བླངས་ནས་ཁ་སྐྱུར་པོའི་རི་ལ་ཕེབས་སོ༎
༢༧ ཡེ་ཤུས་དེ་རྣམས་ལ།
ང་ཡི་ལུག་རྫི་ལ་བརྡུང་སྟེ༎
ཁྱུ་ཡི་ལུག་རྣམས་འཐོར་བར་འགྱུར༎
ཅེས་བྲིས་ཡོད་པ་བཞིན། ཁྱོད་ཐམས་ཅད་རྒྱབ་ཕྱོགས་པར་འགྱུར། ༢༨ ང་ལང་བའི་འོག་ཏུ་ཁྱེད་ལས་སྔོན་དུ་ག་ལིལ་དུ་འགྲོ་འོང་གསུངས། ༢༩ པེ་ཏྲོས་ཁོང་ལ། ཐམས་ཅད་ཀྱིས་རྒྱབ་ཕྱོགས་ཀྱང་། ངས་རྒྱབ་མི་ཕྱོགས་ཞུས་པ་ལས། ༣༠ ཡེ་ཤུས། དེ་རིང་མཚན་འདི་ལ། བྱ་སྐད་གཉིས་པ་ལས་སྔོན་དུ། ཁྱོད་ཀྱིས་ལན་གསུམ་ང་ལ་རྒྱབ་ལོག་བྱེད་འོང་བདེན་པར་ཟེར་གསུངས། ༣༡ དེས་ང་ཁྱེད་མཉམ་འཆི་དགོས་ནའང་། ཁྱེད་ལ་རྒྱབ་མི་ཕྱོགས་ཞེས་ཡང་ཡང་ཞུས་ནས། དེ་བཞིན་དུ་ཐམས་ཅད་ཀྱིས་ཀྱང་ཞུས་སོ༎
༣༢ གེད་ཤེ་མཱ་ནེ་བྱ་བའི་ས་ཆར་ཕེབས་ནས། ཁོང་གིས་ཉེ་གནས་རྣམས་ལ། ངས་སྨོན་ལམ་འདེབས་པའི་བར་དུ། ཁྱོད་ཅག་འདིར་སྡོད་ཅིག་གསུངས་ནས། ༣༣ པེ་ཏྲོ་དང་། ཡ་ཀོབ་དང་། ཡོ་ཧ་ནན་འཁྲིད་ནས་ཕེབས་ཏེ། ཐུགས་འཚེར་ཞིང་འཁྲུགས་ཏེ། ༣༤ དེ་གསུམ་ལ། ང་འཆི་ལ་ཐུག་པ་ཙམ་ཤིན་ཏུ་འཚེར་རོ། འདིར་གཉིད་མ་ལོག་པར་སྡོད་ཅིག་གསུངས་སོ། ༣༥ ཅུང་ཟད་ཕར་ཕེབས་ཏེ། སྐུ་ལུས་ས་ལ་བརྡབས་ཏེ། སྲིད་ན་དུས་ཚོད་འདི་ང་ལས་འདའ་བར་ཤོག་ཅིག ༣༦ ཨབ་བཱ། ཡབ་ལགས། ཁྱེད་ལ་ཐམས་ཅད་ཐུབ་པས། ཕོར་པ་འདི་ང་ནས་ཕར་ཞོག་པར་མཛོད་ཅིག འོན་ཀྱང་ངའི་སྨོན་པ་བཞིན་དུ་མ་ཡིན་པར་ཁྱེད་ཀྱི་དགོངས་པ་བཞིན་དུ་གྱུར་ཅིག་ཅེས་གསོལ་བ་བཏབ་བོ། ༣༧ ཚུར་བྱོན་ཏེ། དེ་གསུམ་ཉལ་བ་གཟིགས་ནས་པེ་ཏྲོ་ལ། ཤི་མོན། ཉལ་ལམ། ཆུ་ཚོད་གཅིག་ཀྱང་སྲུང་མི་ཐུབ་བམ། ༣༨ ཉམས་སད་ནང་མི་ལྟུང་ཕྱིར། མ་ཉལ་བར་སྨོན་ལམ་ཐོབ་ཅིག་སྙིང་རུས་ཡོད་ཀྱང་ལུས་སྟོབས་ཆུང་ངོ་གསུངས་སོ། ༣༩ སླར་ཕར་ཕེབས་ཏེ། གསོལ་བ་བཏབ་བོ། ༤༠ ཚུར་ཕེབས་པ་དང་། དེ་གསུམ་གཉིད་ཐིབ་སྟེ་ཉལ་བས། ཞུ་ལན་ཞུ་མ་ཤེས་སོ། ༤༡ ཐེངས་གསུམ་པར་ཕེབས་ཏེ་དེ་གསུམ་ལ། ད་དུང་ཉལ་ཞིང་ངལ་སོའམ། ཆོག དུས་ཚོད་རན་ཏེ་མིའི་བུ་ནི་སྡིག་ཅན་གྱི་ལག་ཏུ་གཏོང་ངོ་། ༤༢ ལོངས་ཤིག་ང་ཚོ་འགྲོ། དགྲའི་ལག་ལ་གཏོད་མཁན་དེ་ཉེ་བར་བསླེབས་སོ། ལྟོས་ཤིག གསུངས་སོ༎
༤༣ གསུང་བའི་མོད་ལ་བཅུ་གཉིས་པོའི་ནང་གི་ཡུ་དཱ་མཉམ་དུ། བླ་ཆེན་དང་། མཁན་པོ་དང་། རྒན་པོས་བཏང་བའི་དཔུང་། རལ་གྲི་དང་དབྱུག་པ་ཐོགས་ནས་དེར་འོངས་སོ། ༤༤ ཁོང་བཏད་མཁན་དེས། ངས་སུ་ལ་འོ་བྱ་བ་དེ་ཁོང་ཡིན། བཟུང་ནས་བརྟན་པོར་ཁྲིད་ཅིག ཅེས་བརྡ་བཏང་ཡོད་དོ། ༤༥ ཁོས་ཡེ་ཤུ་མཇལ་མ་ཐག་ཏུ། སྟོན་པ་ལགས། ཞུས་ནས་འོ་ཕུལ་བས། ༤༦ དེ་རྣམས་ཀྱིས་ཁོང་བཟུང་ངོ་། ༤༧ དེར་ཡོད་པའི་ཉེ་གནས་གཅིག་གིས། རལ་གྲི་བཏོན་ནས། བླ་ཆེན་གྱི་གཡོག་པོ་ལ་བརྒྱབ་ནས། རྣ་བ་ཡ་གཅིག་བཅད་དོ། ༤༨ ཡེ་ཤུས། རལ་གྲི་དང་དབྱུག་པ་ཐོགས་ནས་ང་ཇག་པ་ལྟར་འཛིན་དུ་ཐོན་ནམ། ༤༩ ང་ཉིན་རེ་བཞིན་མཆོད་ཁང་ནས་ཁྱེད་ཚོའི་དཀྱིལ་དུ་ཆོས་བསྟན་ཡང་ཁྱེད་ཚོས་ང་མ་བཟུང་། དེ་ནི་གསུང་རབ་བཞིན་འགྲུབ་པའི་ཕྱིར་རོ་གསུངས་སོ། ༥༠ ཉེ་གནས་ཐམས་ཅད་ཀྱིས་ཁོང་སྤངས་ནས་བྲོས་སོ། ༥༡ རས་རྐྱང་གོན་པའི་གཞོན་ནུ་ཞིག་ཁོང་གི་རྗེས་སུ་འབྲངས་པས། དེ་རྣམས་ཀྱིས་བཟུང་བ་དང་། ༥༢ རས་རྐྱང་དེ་ཕུད་ནས་གཅེར་བུར་བྲོས་སོ༎
༥༣ ཡེ་ཤུ་བླ་ཆེན་གྱི་རྩར་གདན་དྲངས་ནས། དེར་བླ་ཆེན་དང་། རྒན་པོ་དང་། མཁན་པོ་རྣམས་འདུས་སོ། ༥༤ པེ་ཏྲོ་བླ་ཆེན་གྱི་ཚོམས་ཀྱི་བར་ཐུག་རྒྱང་མ་ནས་འབྲངས་ཏེ། འཁོར་གཡོག་རྣམས་དང་མཉམ་དུ་བསྡད་ཅིང་མེ་ལྡེས་སོ། ༥༥ བླ་ཆེན་དང་གྲོས་མི་ཐམས་ཅད་ཀྱིས་ཡེ་ཤུ་གསོད་པའི་ཕྱིར། དཔང་པོ་བཙལ་ཡང་མ་ཐོབ་བོ། ༥༦ རྫུན་གྱི་དཔང་པོ་མང་པོ་ཐོན་ཡང་། དཔང་པོ་ཚོ་མ་མཐུན་ནོ། ༥༧ མི་རེ་ལངས་ནས་རྫུན་གྱི་དཔང་པོ་གཏོང་ཞིང་། ༥༨ ལག་པས་བརྩིགས་པའི་མཆོད་ཁང་འདི་བཤིགས་སྟེ། ལག་པས་མ་བརྩིགས་པའི་གཞན་ཞིག་ངས་ཞག་གསུམ་ནང་རྩིག་འོང་། ཞེས་འདིས་ཟེར་བ་ང་ཚོས་ཐོས་སོ་ཟེར་ཀྱང་། ༥༩ གཏམ་མ་མཐུན་ཏོ། ༦༠ བླ་ཆེན་གྱིས་དཀྱིལ་དུ་ལངས་ནས་ཡེ་ཤུ་ལ། འདི་རྣམས་ཀྱིས་ཁྱེད་འགལ་བའི་དཔང་བྱེད་པ་ལ། ལན་མི་གཏོང་ངམ་ཞུས་ཀྱང་། ༦༡ ཞལ་རོག་ཅིང་བཀའ་ལན་ཅི་ཡང་མ་གནང་ངོ་། བླ་ཆེན་གྱིས་སླར་འདྲི་ཞིང་། ཁྱེད་ནི་བསྟོད་འོས་པ་དེའི་སྲས་མཱ་ཤི་ཀ་ཡིན་ནམ། ཞུས་པའི་བཀའ་ལན་དུ། ༦༢ ཡེ་ཤུས། ང་ཡིན། མ་ཟད་ཁྱེད་ཅག་གིས་མིའི་བུ་ནི་ཀུན་དབང་གི་ཕྱག་གཡས་སུ་བཞུགས་ཏེ། གནམ་གྱི་སྤྲིན་དང་བཅས་སུ་འབྱོན་པ་མཐོང་བར་འགྱུར་གསུངས་སོ། ༦༣ བླ་ཆེན་གྱིས་རང་གི་གོས་བཤགས་ཏེ། ད་དུང་དཔང་པོ་ཅི་དགོས། ༦༤ སྐུར་བ་འདེབས་པ་འདི་ཁྱེད་ཚོས་ཐོས་པས། ཅི་སེམས་སྨྲས་ནས། ཐམས་ཅད་ཀྱིས་གསོད་པའི་ཁྲིམས་བཅད་དོ། ༦༥ དེ་ནས་ཁ་ཅིག་གིས་ཁོང་ལ་མཆིལ་མ་གཏོར། ཞལ་གདོང་བཏུམ་ནས། མུར་རྫོག་བརྒྱབ་སྟེ་ཁོང་ལ། མངོན་ཤེས་ཤོད་ཅེས་སྨྲས་སོ། འཁོར་གཡོག་རྣམས་ཀྱིས་ཀྱང་འགྲམ་ལྕག་བརྒྱབས་སོ༎
༦༦ དེའི་ཚེ་པེ་ཏྲོ་འོག་གི་ཚོམས་ནང་ཡོད་པ་ལས། བླ་ཆེན་གྱི་གཡོག་མོ་ཞིག་འོངས་ཏེ། ༦༧ པེ་ཏྲོས་མེ་ལྡེ་བ་མཐོང་ནས། ཁོ་ལ་བལྟས་ཏེ། ཁྱོད་ཀྱང་ན་ཙཱ་རེད་པ་ཡེ་ཤུ་མཉམ་ཡོད་པ་ཡིན་ནོ་སྨྲས་པ་དང་། ༦༨ ཁྱོད་ཀྱིས་ཅི་ཟེར་བ་ངས་མི་ཤེས་མི་གོའོ་ཟེར་ནས་རྒྱབ་ལོག་བྱས་ཏེ། ཕྱི་རོལ་དུ་ཐོན་ནས་རྒྱལ་སྒོའི་རྩར་སོང་བ་དང་། བྱ་ཕོས་སྐད་བརྒྱབས་སོ། ༦༩ གཡོག་མོ་དེས་པེ་ཏྲོ་མཐོང་ནས། དེར་ཡོད་པ་རྣམས་ལ་སླར་ཡང་འདི་ནི་དེ་རྣམས་ཀྱི་ནང་ནས་གཅིག་ཡིན་ནོ་ཟེར་ཏོ། ༧༠ སླར་རྒྱབ་ལོག་བྱས་སོ། ཅུང་ཞིག་ནས་དེར་ཡོད་པ་རྣམས་ཀྱིས་པེ་ཏྲོ་ལ། ཁྱོད་ག་ལིལ་པ་ཡིན་པས། དེ་ཚོའི་ནང་ནས་གཅིག་ཡིན་ཐག་ཆོད་ཡིན་ཅེས་སྨྲས་ཀྱང་། ༧༡ ཁོས་དམོད་ཅིང་མནའ་བསྐྱལ་ནས། ཁྱེད་ཀྱིས་ཟེར་བའི་མི་དེ་ངས་མི་ཤེས་ཟེར་མ་ཐག་ཏུ། ༧༢ བྱ་ཕོས་སྐད་གཉིས་པ་བརྒྱབས་སོ། བྱ་སྐད་གཉིས་པ་ལས་སྔོན་དུ། ཁྱོད་ཀྱིས་ལན་གསུམ་ང་ལ་རྒྱབ་ལོག་བྱེད་འོང་ཞེས་ཡེ་ཤུས་གསུངས་པ་དེ་པེ་ཏྲོས་དྲན་ནས། རབ་ཏུ་ངུས་སོ༎