མད་ཐཱས་བྲིས་པའི་འཕྲིན་བཟང་།
ཨབ་ར་ཧམ་གྱི་སྲས་དཱ་བིད་ཀྱི་སྲས་ཡེ་ཤུ་མཱ་ཤི་ཀའི་གདུང་རབས་ནི།
 ཨབ་ར་ཧམ་ལས་ཨི་སཱག་ཆད། ཨི་སཱག་ལས་ཡ་ཀོབ་ཆད། ཡ་ཀོབ་ལས་ཡ་ཧུ་དཱ་དང་། དེའི་སྤུན་རྣམས་ཆད་དོ།  ཡ་ཧུ་དཱའི་བུ་ཕེ་རེས་དང་སེ་རག་ནི་ཐ་མར་ལས་ཆད། ཕེ་རེས་ལས་ཧེས་རོན་ཆད། ཧེས་རོན་ལས་ཨ་རམ་ཆད།  ཨ་རམ་ལས་ཨ་མི་ནཱ་དབ་ཆད། ཨ་མི་ནཱ་དབ་ལས་ན་ཧ་ཤོན་ཆད། ན་ཧ་ཤོན་ལས་སལ་མོན་ཆད།  སལ་མོན་གྱི་བུ་བོ་ཨས་ནི་ར་ཧབ་ལས་ཆད། བོ་ཨས་ཀྱི་བུ་ཨོ་བེད་ནི་རུད་ལས་ཆད། ཨོ་བེད་ལས་ཨི་ཤཱ་ཆད།  ཨི་ཤཱ་ལས་རྒྱལ་པོ་དཱ་བིད་ཆད།
དཱ་བིད་ཀྱི་སྲས་ཤ་ལོ་མོ་ནི་ཨུ་རི་ཡཱ་ཡི་ཆུང་མ་ལས་ཆད།  ཤ་ལོ་མོ་ལས་རེ་ཧབ་ཨམ་ཆད། རེ་ཧབ་ཨམ་ལས་ཨ་བི་ཡཱ་ཆད། ཨ་བི་ཡཱ་ལས་ཨ་སཱ་ཆད།  ཨ་སཱ་ལས་ཡེ་ཧོ་ཤ་ཕད་ཆད། ཡེ་ཧོ་ཤ་ཕད་ལས་ཡོ་རམ་ཆད། ཡོ་རམ་ལས་ཨུ་ཟི་ཡཱ་ཆད།  ཨུ་ཟི་ཡཱ་ལས་ཡོ་ཐམ་ཆད། ཡོ་ཐམ་ལས་ཨ་ཧས་ཆད། ཨ་ཧས་ལས་ཧིས་ཀི་ཡཱ་ཆད། ༡༠ ཧིས་ཀི་ཡཱ་ལས་མ་ན་ཤེ་ཆད། མ་ན་ཤེ་ལས་ཨ་མོན་ཆད། ཨ་མོན་ལས་ཡོ་ཤི་ཡཱ་ཆད། ༡༡ དེ་རྣམས་བཟུང་ནས་བཱ་བེལ་དུ་ཁྲིད་པའི་དུས་སུ། ཡོ་ཤི་ཡཱ་ལས་ཡེ་ཀོན་ཡཱ་དང་དེའི་ནུ་བོ་རྣམས་ཆད་དོ༎
༡༢ བཱ་བེལ་དུ་ཁྲིད་པའི་རྗེས་སུ་ཡེ་ཀོན་ཡཱ་ལས་ཤ་ཨལ་ཏི་ཨེལ་ཆད། ཤ་ཨལ་ཏི་ཨེལ་ལས་ཟེ་རུབ་བཱ་བེལ་ཆད། ༡༣ ཟེ་རུབ་བཱ་བེལ་ལས་ཨ་བི་ཧུད་ཆད། ཨ་བི་ཧུད་ལས་ཨེལ་ཡཱ་ཀིམ་ཆད། ཨེལ་ཡཱ་ཀིམ་ལས་ཨ་ཟོར་ཆད། ༡༤ ཨ་ཟོར་ལས་ཙ་དོག་ཆད། ཙ་དོག་ལས་ཨ་ཀིམ་ཆད། ཨ་ཀིམ་ལས་ཨེ་ལི་ཧུད་ཆད། ༡༥ ཨེ་ལི་ཧུད་ལས་ཨེལ་ཨ་ཟར་ཆད། ཨེལ་ཨ་ཟར་ལས་མད་ཐན་ཆད། མད་ཐན་ལས་ཡ་ཀོབ་ཆད། ༡༦ ཡ་ཀོབ་ལས་ཡོ་སེབ་ཆད། དེ་ནི་ཡེ་ཤུ་མཱ་ཤི་ཀ་སྐུ་བལྟམས་པའི་མིར་ཡམ་གྱི་ཁྱོ་དེ་ཡིན་ནོ༎
༡༧ དེ་ལྟར་ཨབ་ར་ཧམ་ནས་དཱ་བིད་ཀྱི་བར་དུ་ཁྱོན་བསྡོམས་མི་རབས་བཅུ་བཞི་དང་། དཱ་བིད་ནས་བཱ་བེལ་དུ་བཟུང་ཁྱེར་བའི་བར་དུ་མི་རབས་བཅུ་བཞི་དང་། བཱ་བེལ་དུ་བཟུང་ཁྱེར་བ་ནས་མཱ་ཤི་ཀའི་བར་དུ་མི་རབས་བཅུ་བཞིའོ༎
༡༨ ཡེ་ཤུ་མཱ་ཤི་ཀ*་འཁྲུངས་ཚུལ་ནི་འདི་ལྟ་སྟེ། ཁོང་གི་ཡུམ་མིར་ཡམ་ནི་ཡོ་སེབ་དང་ཁྱིམ་ཐབ་བྱེད་པ་ཐག་ཆོད་ནས། དེ་གཉིས་མ་འཛོམ་པའི་སྔོན་དུ། དམ་པའི་ཐུགས་ཉིད་ཀྱིས་ལྷུམས་དང་ལྡན་པར་གྱུར་པ་དང་། ༡༩ ཁྱོ་ཡོ་སེབ་བཟང་པོ་ཡིན་པས། དེས་མོ་ལ་གཏམ་ངན་གཏོང་དུ་མ་འདོད་པར། ལྐོག་ཏུ་འཕྲལ་བར་བྱའོ། ༢༠ ཞེས་བསམ་པ་ལས། གཙོ་བོ་དཀོན་མཆོག་གི་ཕོ་ཉ་*རྨི་ལམ་དུ་བྱུང་ནས། ཀྱེ་དཱ་བིད་ཀྱི་བུ་ཡོ་སེབ། རང་གི་ཆུང་མ་མིར་ཡམ་གྱི་ལྷུམས་སུ་ཡོད་པ་དེ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལས་ཆགས་པ་ཡིན་པས། ཁྱིམ་དུ་བླང་བ་ལ་མ་འཇིགས་ཤིག ༢༡ སྲས་ཤིག་བལྟམ་འོང་། ཁོང་གི་མཚན་ཡེ་ཤུ་*གསོལ་ཞིག ཅིའི་ཕྱིར་ཞེ་ན། ཁོང་གིས་ཉིད་ཀྱི་མི་སྡེ་སྡིག་པ་ལས་ཐར་བར་མཛད་པར་འགྱུར། ཞེས་གསུངས་སོ། ༢༢ དེ་ནི་ལུང་སྟོན་པ་རྒྱུད་ནས།
༢༣ ན་ཆུང་མངལ་དང་ལྡན་ཏེ་སྲས་བལྟམ་འོང་༎
ཁོང་མཚན་ཨིམ་མ་ནུ་ཨེལ་འདོགས་པར་འགྱུར༎
ཞེས་གཙོ་བོས་གསུངས་པ་འགྲུབ་པའི་ཕྱིར་བྱུང་ངོ་། ཨིམ་མ་ནུ་ཨེལ་ནི། དཀོན་མཆོག་ངེད་དང་མཉམ་དུ་བཞུགས་སོ་ཞེས་པའི་དོན་ནོ། ༢༤ ཡོ་སེབ་གཉིད་སད་པ་དང་། གཙོ་བོའི་ཕོ་ཉས་བཀའ་གནང་བ་བཞིན་དུ་བྱས་ཏེ། རང་གི་ཆུང་མ་བླངས་ནས། ༢༥ སྲས་མ་བལྟམས་པའི་བར་དུ་དེ་དང་མ་འབྲེལ་ཞིང་། སྲས་དེའི་མཚན་ཡེ་ཤུ་གསོལ་ཏོ༎