རྒྱལ་པོ་ཧེ་རོ་དཱེའི་དུས་སུ་*ཡ་ཧུ་དཱ་ཡུལ་གྱི་བེད་ལེ་ཧེམ་དུ་ཡེ་ཤུ་བལྟམས་པའི་ཚེ། ཤར་ཕྱོགས་ཀྱི་རྩིས་པ་འགའ་ཤས་རྒྱལ་ས་ཡེ་རུ་ཤ་ལེམ་དུ་འོངས་ནས།  ཡ་ཧུ་དཱ་པའི་རྒྱལ་པོ་བལྟམས་པ་དེ་གང་དུ་བཞུགས། ང་ཚོས་ཤར་ཕྱོགས་ན་ཁོང་གི་སྐར་མ་མཐོང་བས། ཁོང་ལ་ཕྱག་འཚལ་དུ་འོངས་པ་ཡིན། ཞེས་ཟེར་ཏོ།  དེ་ཐོས་ནས་རྒྱལ་པོ་ཧེ་རོ་དཱེ་དང་ཡེ་རུ་ཤ་ལེམ་པ་ཐམས་ཅད་སེམས་འཁྲུགས་ནས།  ཁོས་མི་སྡེའི་བླ་ཆེན་དང་མཁན་པོ་ཐམས་ཅད་བསྡུས་ནས་དེ་དག་ལ། མཱ་ཤི་ཀ་གང་དུ་འཁྲུང་བར་འགྱུར། ཞེས་དྲིས་པ་དང་།  དེ་དག་གིས། ཡ་ཧུ་དཱའི་བེད་ལེ་ཧེམ་དུ་འཁྲུང་བར་འགྱུར། ཅི་ཕྱིར་ཞུ་ན། ལུང་སྟོན་པས།
 ཀྱེ་ཡ་ཧུ་དཱའི་ཡུལ་ལྗོངས་བེད་ལེ་ཧེམ
དཔོན་པོའི་ནང་ནས་ཁྱོད་ནི་ཆུང་ཤོས་མིན༎
ཁྱེད་ཀྱི་ནང་ནས་འདྲེན་བྱེད་རྫི་བོ་འབྱུང་༎
ངའི་འབངས་ཨིས་ར་ཨེལ*ལ་དབང་བར་འགྱུར༎
ཞེས་བྲིས་འདུག་གོ་ཞུས་སོ༎
 དེ་ནས་ཧེ་རོ་དཱེས་རྩིས་པ་དེ་རྣམས་གསང་སྟེ་བོས་ནས། སྐར་མ་དེ་མཐོང་བའི་དུས་རྩད་བཅད་དེ།  བེད་ལེ་ཧེམ་དུ་གཏོང་ཞིང་སོང་ལ་ཁྱེའུ་ཆུང་དེའི་སྐོར་དུ་ཞིབ་པར་རྩད་ཆོད་ཅིག ངའང་ཕྱག་འཚལ་དུ་འོང་བའི་དོན་དུ། ཁོང་ཐོབ་པ་དང་ལོན་བསྐུར་ཞིག་ཅེས་ཟེར་ཏོ།  དེ་རྣམས་ཀྱིས་རྒྱལ་པོའི་གཏམ་ཐོས་ནས་སོང་བ་ལས། ཤར་ཕྱོགས་ན་མཐོང་བའི་སྐར་མ་དེ། ཁྱེའུ་ཆུང་དེ་ཡོད་སར་མ་སླེབས་པའི་བར་སྔོན་སྔོན་དུ་རྒྱུ་ཞིང་དེའི་སྟེང་དུ་བསྡད་དོ། ༡༠ སྐར་མ་མཐོང་ནས་ཤིན་ཏུ་དགའ་སྟེ། ༡༡ ཁང་པ་དེའི་ནང་དུ་ཞུགས་ནས། ཡུམ་མིར་ཡམ་མཉམ་དུ་ཡོད་པའི་ཁྱེའུ་ཆུང་མཇལ་བ་དང་། ལུས་ས་ལ་བརྡབས་ཏེ་ཕྱག་འཚལ་ནས། གཏེར་སྒམ་ཕྱེས་ཏེ། གསེར་དང་། སྤོས་དཀར་དང་། གན་དྷ་ར་ས་ཕྱག་རྟེན་དུ་ཕུལ་ཏོ། ༡༢ ཡང་རྨི་ལམ་ནང་ཧེ་རོ་དཱེའི་རྩར་མི་ལོག་པའི་ཞལ་གཏམས་ཐོས་ནས། ལམ་གཞན་ཞིག་ནས་རང་ཡུལ་དུ་ལོག་གོ།
༡༣ དེ་རྣམས་སོང་བའི་རྗེས་སུ་ཡོ་སེབ་ལ་རྨི་ལམ་ནང་གཙོ་བོའི་ཕོ་ཉ་བྱུང་ནས་དེས། ཧེ་རོ་དཱེས་ཁྱེའུ་ཆུང་འདི་གསོད་པའི་ཕྱིར་འཚོལ་གྲབས་འདུག་པས། ལོངས་ལ་ཁྱེའུ་ཆུང་དང་དེའི་མ་འཁྲིད་དེ་མི་སེར*ཡུལ་དུ་བྲོས་ཏེ། ངས་མ་སྨྲ་བའི་བར་དུ་དེ་རུ་སྡོད་ཅིག་གསུངས། ༡༤ ཁོང་ལངས་ནས་མཚན་ལ་ཁྱེའུ་ཆུང་དང་དེའི་ཡུམ་འཁྲིད་དེ་མི་སེར་དུ་སོང་། ༡༥ གཙོ་བོས་ལུང་སྟོན་པ་རྒྱུད་ནས། མི་སེར་ཡུལ་ནས་ཉིད་ཀྱི་སྲས་ངས་བཀུག གསུངས་པ་དེ་འགྲུབ་པའི་ཕྱིར། ཧེ་རོ་དཱེ་མ་ཤི་བའི་བར་དུ་དེ་རུ་བསྡད་དོ༎
༡༦ དེ་ནས་རྩིས་པ་དག་གིས་མགོ་བསྐོར་བཏང་བ་ཧེ་རོ་དཱེས་ཤེས་ཏེ་ཤིན་ཏུ་ཁྲོས་སོ། རྩིས་པ་ལས་རྩད་བཅད་པའི་ཚེས་གྲངས་བརྩིས་ཏེ། མི་བཏང་ནས། བེད་ལེ་ཧེམ་དང་དེའི་ཡུལ་འཁོར་ཐམས་ཅད་ཀྱི་ནང་ན་ཡོད་པའི་ལོ་གཉིས་པ་དང་དེ་ལས་ཆུང་བའི་བུ་ཐམས་ཅད་བསད་དོ། ༡༧ ལུང་སྟོན་པ་ཡེ་རེམ་ཡཱས།
༡༨ རཱ་མཱའི་ཡུལ་ནང་སྐད་ཅིག་ཐོས༎
ཆོ་ངེས་ངུ་འཛི་མྱ་ངན་ཆེ༎
ར་ཧེལ་ཕྲུ་གུ་རྣམས་ཕྱིར་ངུ་༎
བུ་མེད་སེམས་གསོ་མི་འདོད་དོ༎
ཞེས་གསུངས་པ་དེའི་ཚེ་གྲུབ་བོ༎
༡༩ ཧེ་རོ་དཱེ་ཤི་བའི་འོག་ཏུ། མི་སེར་དུ་ཡོ་སེབ་ལ་གཙོ་བོའི་ཕོ་ཉ་ཞིག་རྨི་ལམ་དུ་བྱུང་ནས་དེས། ༢༠ ད་ཁྱེའུ་ཆུང་འདིའི་སྲོག་ལ་བརྔམས་པ་རྣམས་ཤི་བས། ད་ལོངས་ལ་ཁྱེའུ་ཆུང་དང་དེའི་མ་འཁྲིད་དེ། ཨིས་ར་ཨེལ་ཡུལ་དུ་ལོག་སོང་ཞིག་གསུངས་པ་དང་། ༢༡ ཁོ་ལངས་ནས། ཁྱེའུ་ཆུང་དང་དེའི་ཡུམ་འཁྲིད་དེ་ཨིས་ར་ཨེལ་ཡུལ་དུ་སོང་ངོ་། ༢༢ འོན་ཀྱང་ཧེ་རོ་དཱེའི་ཤུལ་དུ་དེའི་བུ་ཨར་ཁེ་ལཱ་ཡིས་ཡ་ཧུ་དཱའི་རྒྱལ་པོ་བྱེད་པ་ཐོས་ནས། དེར་འགྲོ་བ་ལ་འཇིགས་པས། ཡང་རྨི་ལམ་ནང་ཞལ་གདམས་བྱུང་བ་དང་། ག་ལིལ་ཡུལ་ལྗོངས་སུ་སོང་ནས། ༢༣ ན་ཙཱ་རེད་ཟེར་བའི་གྲོང་ཁྱེར་དུ་གཞི་ཆགས་སོ། དེ་ནི་ལུང་སྟོན་པ་རྣམས་ཀྱིས་ཁོང་ལ་ན་ཙཱ་རེད་པ་ཞེས་ཞུ་བར་འགྱུར། ཞེས་གསུངས་པ་དེ་འགྲུབ་པའི་ཕྱིར་རོ༎