དེའི་ཚེ་ཁྲུས་གསོལ་མཁན་ཡོ་ཧ་ནན་བྱུང་ནས། ཡ་ཧུ་དཱའི་འབྲོག་སྟོང་ན་ཆོས་འཆད་ཅིང་།  ནམ་མཁའི་རྒྱལ་སྲིད་ཉེ་བར་བསླེབས་པས། སེམས་སྒྱུར་ཅིག་གསུངས་སོ།  ལུང་སྟོན་པ་ཡེ་ཤ་ཡཱས།
འབྲོག་སྟོང་ནང་ན་འབོད་པའི་སྐད་དེ་ཡིས༎
གཙོ་བོའི་ཕེབས་ལམ་གྲལ་སྒྲིག་བྱོས་ཤིག་དང་༎
ཁོང་གི་ཕེབས་ལམ་དྲང་པོར་སྲོང་ཞིག་ཟེར༎
ཞེས་ལུང་བསྟན་པའི་སྐྱེས་བུ་ནི་འདི་ཀ་ཡིན་ནོ༎
 ཡོ་ཧ་ནན་ནི་རྔ་མོང་གི་སྤུའི་གོས་གོན་ཏེ། རྐེད་པར་ཀོ་བའི་སྐ་རགས་བཅིངས་ནས། ཟས་སུ་ཆ་ག་འབུ་དང་རིའི་སྦྲང་རྩིར་སྤྱོད་དོ།  ཡེ་རུ་ཤ་ལེམ་དང་། ཡ་ཧུ་དཱ་དང་། ཡོར་དན་གཙང་པོའི་མཐའ་འཁོར་དུ་གནས་པ་ཐམས་ཅད་ཁོང་གི་དྲུང་དུ་སོང་སྟེ།  སྡིག་པ་མཐོལ་ནས་ཡོར་དན་ནང་ཁྲུས་བླངས་སོ།  ཕ་རུ་ཤི་པ་*དང་སད་དུ་ཀི་པ་*མང་པོ་ཁྲུས་ལེན་པའི་ཕྱིར་འོང་བར་གཟིགས་ནས་ཡོ་ཧ་ནན་གྱིས་དེ་དག་ལ། དུག་སྦྲུལ་གྱི་བརྒྱུད་ཁྱོད། མ་འོངས་པའི་ཐུགས་ཁྲོ་ལས་ཁྱོད་ཅག་འབྲོས་པ་སུས་བསྟན།  འགྱོད་ཚངས་དང་མཚུངས་པའི་འབྲས་བུ་སྐྱེད་ཅིག  ཨབ་ར་ཧམ་ང་ཅག་གི་ཡབ་ཡིན་ཟེར་བའི་བསམ་པ་མ་སྐྱེད་ཅིག ངས་ཁྱེད་ལ་ཟེར། དཀོན་མཆོག་གིས་རྡོ་འདི་རྣམས་ནས། ཨབ་ར་ཧམ་ལ་བུ་བརྒྱུད་སྐྱེད་པར་ནུས། ༡༠ ད་ཤིང་སྡོང་རྣམས་ཀྱི་རྩ་བར་སྟ་རེ་བཞག་ཡོད་པས། འབྲས་བུ་བཟང་པོ་མི་སྐྱེད་པ་རེ་རེ་བཅད་དེ་མེ་ལ་འདེབས་སོ། ༡༡ ཁྱོད་ཅག་འགྱོད་ཚངས་བྱེད་ཕྱིར་ངས་ཆུའི་ཁྲུས་གཏོང་གིས། ངའི་རྗེས་སུ་འབྱོན་པ་དེ་ང་ལས་མཐུ་སྟོབས་ཆེ་བས། ང་ནི་ཁོང་གི་ཞབས་ལྷམ་འཁུར་དུའང་འོས་མ་ཡིན། ཁོང་གིས་ཁྱོད་ཅག་ལ་དམ་པའི་ཐུགས་ཉིད་དང་མེའི་ཁྲུས་གནང་བར་འགྱུར། ༡༢ ཁོང་གི་ཕྱག་ན་འབྲབ་གཞོང་ཡོད་དེ། གཡུལ་འཐག་ལ་ཤིན་ཏུ་བྱི་དོར་བྱས་ཏེ། ཉིད་ཀྱི་གྲོ་ནི་བང་མཛོད་དུ་བསྡུ་ཞིང་། ཕུབ་མ་ནི་མི་འཆི་བའི་མེས་སྲེག་པར་བྱའོ། ཞེས་གསུངས་སོ༎
༡༣ དེ་ནས་ཡེ་ཤུ་ག་ལིལ་ནས་ཡོར་དན་གྱི་འགྲམ་དུ་ཡོ་ཧ་ནན་གྱི་རྩར་ཁྲུས་བཞེས་པའི་ཕྱིར་བྱོན་པ་དང་། ༡༤ ཡོ་ཧ་ནན་གྱིས་འགེག་ཅིང་ཁོང་ལ། ང་ལ་ཁྱེད་ཀྱིས་ཁྲུས་གནང་བའི་དགོས་པ་ཡོད་ཀྱི། ཁྱེད་ངའི་རྩར་ཕེབས་སམ་ཞུས་པ་དང་། ༡༥ ཡེ་ཤུས་བཀའ་ལན་དུ། ངེད་ཀྱིས་འདི་ལྟར་དྲང་བ་ཉིད་ཚང་མ་སྒྲུབ་པར་རིགས་པས། ད་ལྟ་ལེན་དུ་ཆུག་གསུང་བ་དང་། བཞེས་སུ་བཅུག་གོ། ༡༦ སྐུ་ཁྲུས་བཞེས་པ་ཙམ་གྱིས་ཡེ་ཤུ་ཆུའི་ནང་ནས་ཐོན་པ་དང་། ནམ་མཁའ་བྱེ་སྟེ། དཀོན་མཆོག་གི་ཐུགས་ཉིད་ཕུག་རོན་ལྟར་འབབ་ཅིང་། ཁོང་གི་ཐོག་ཏུ་བཞུགས་པར་གཟིགས་སོ། ༡༧ ནམ་མཁའ་ནས་སྒྲ་ཞིག་གིས། འདི་ནི་ང་དགའ་བའི་ངའི་སྲས་གཅེས་པ་ཡིན་གསུངས་སོ༎