༤
དེ་ནས་བདུད་ཀྱིས་ཐུགས་སད་པའི་ཕྱིར་ཡེ་ཤུ་ཐུགས་ཉིད་ཀྱིས་འབྲོག་སྟོང་དུ་ཁྲིད་དོ། ༢ ཉིན་མོ་བཞི་བཅུ་དང་མཚན་མོ་བཞི་བཅུ་སྨྱུང་བར་བཞུགས་པའི་རྗེས་སུ་བཀྲེས་པར་གྱུར་པས། ༣ སད་པ་པོ་སྐུ་དྲུང་དུ་འོངས་ཏེ་ཁོང་ལ། ཁྱེད་དཀོན་མཆོག་གི་སྲས་ཡིན་ན། རྡོ་འདི་རྣམས་བག་ལེབ་ཏུ་འགྱུར་བའི་བཀའ་གནོང་ཞིག་ཞུས་པ་དང་། ༤ བཀའ་ལན་དུ། མི་ནི་བག་ལེབ་གཅིག་པུས་མི་འཚོའི། དཀོན་མཆོག་གི་ཞལ་ནས་འབྱུང་བའི་བཀའ་ཐམས་ཅད་ཀྱིས་འཚོའོ། ཞེས་བྲིས་འདུག་གསུངས་སོ༎༥ དེ་ནས་བདུད་ཀྱིས་ཁོང་གྲོང་ཁྱེར་དམ་པ་དེར་ཁྲིད་དེ། མཆོད་ཁང་གི་དབུ་རྩེར་བཞག་ནས་ཁོང་ལ། ༦ ཁྱོད་དོན་ཕོ་ཉ་རྣམས་ལ་བཀའ་སྩལ་ཞིང་། ཁྱེད་ཀྱི་ཞབས་ནི་རྡོ་ལ་མི་ཕོག་ཕྱིར། དེ་ཚོའི་ལག་པར་ཁྱེད་ནི་འཁུར་བར་འགྱུར། ཞེས་བྲིས་འདུག་པས། དཀོན་མཆོག་གི་སྲས་ཡིན་ན། མར་མཆོང་བར་མཛོད་ཅིག་ཞུས་སོ༎
༧ ཡེ་ཤུས་དེ་ལ། ཁྱོད་ཀྱིས་རང་གི་དཀོན་མཆོག་གཙོ་བོའི་ཐུགས་མ་སད་ཅིག ཅེས་ཀྱང་བྲིས་འདུག་གསུངས་སོ༎
༨ ཡང་བདུད་ཀྱིས་ཁོང་རི་ཤིན་ཏུ་མཐོན་པོ་ཞིག་ལ་ཁྲིད་དེ། འཇིག་རྟེན་གྱི་རྒྱལ་ཁམས་ཐམས་ཅད་དང་། དེའི་དཔལ་བསྟན་ནས་ཁོང་ལ། ༩ ཁྱེད་ཀྱིས་ང་ལ་རྐྱང་ཕྱག་འཚལ་ན། ངས་འདི་ཐམས་ཅད་ཁྱེད་ལ་འབུལ་བར་བྱའོ་ཞུས་པ་དང་། ༡༠ ཡེ་ཤུས་ཁོ་ལ། བདུད་ཁྱོད་ཕར་སོང་། མདོ་ན་རང་གི་དཀོན་མཆོག་གཙོ་བོ་ལ་ཕྱག་འཚལ་ཞིང་། ཁོང་གཅིག་པུ་ལ་བསྙེན་བཀུར་ཞུས་ཤིག་ཅེས་བྲིས་ཡོད་གསུངས་པ་དང་།
༡༡ བདུད་ཁོང་གི་དྲུང་ནས་སོང་བ་ལས། ཕོ་ཉ་རྣམས་འོངས་ནས་ཁོང་ལ་ཞབས་ཕྱི་ཞུས་སོ༎
༡༢ དེ་ནས་ཡོ་ཧ་ནན་བཟུང་བ་གསན་པ་དང་ག་ལིལ་དུ་ཕེབས་ཏེ། ༡༣ ན་ཙཱ་རེད་སྤངས་ནས། ཟེ་བུ་ལོན་དང་ནབ་ཐ་ལིའི་ལྗོངས་སུ་མཚོའི་འགྲམ་དུ་ཡོད་པའི་ཀ་ཕར་ནཱ་ཧུམ་དུ་གཞི་ཆགས་སོ། ༡༤ དེ་ལྟར་ལུང་སྟོན་པ་ཡེ་ཤ་ཡཱས།
༡༥ ཟེ་བུ་ལོན་དང་ནབ་ཐ་ལི༎
མཚོ་ལམ་ཡོར་དན་ཕ་རོལ་ན༎
ཕྱི་པ་ཡིན་པའི་ག་ལིལ་ཡུལ༎
༡༦ མུན་པར་སྡོད་པས་འོད་ཆེན་མཐོང་༎
འཆི་བའི་ཡུལ་དང་གྲིབ་མ་ལ༎
སྡོད་པ་རྣམས་ལ་འོད་ཤར་རོ༎
ཞེས་གསུངས་པ་གྲུབ་བོ༎
༡༧ དེ་ནས་བཟུང་སྟེ་ཡེ་ཤུས་ཆོས་སྟོན་པར་ཞུགས་ཤིང་། ནམ་མཁའི་རྒྱལ་སྲིད་*ཉེ་བར་བསླེབས་པས་སེམས་སྒྱུར་ཅིག་ཅེས་གསུངས་སོ༎
༡༨ ཁོང་ག་ལིལ་མཚོ་འགྲམ་ན་ཕེབས་པ་ལས། ཉ་པ་ཡིན་པའི་པེ་ཏྲོ་ཟེར་བའི་ཤི་མོན་དང་། ཁོའི་སྤུན་ཨན་དྲེ་ཨ་གཉིས་ཀས་མཚོའི་ནང་དུ་ཉ་དོལ་དབྱུག་པར་གཟིགས་ནས་དེ་དག་ལ། ༡༩ ངའི་རྗེས་སུ་བྲོངས་ཤིག་དང་། ངས་ཁྱོད་ཚོ་མི་རྣམས་འཛིན་མཁན་དུ་སྐོའོ་གསུངས་པ་དང་། ༢༠ དེ་གཉིས་པོས་ཉ་དོལ་བཞག་ནས་ཁོང་གི་རྗེས་སུ་འབྲངས་སོ། ༢༡ དེ་ནས་ཕེབས་པ་ལས། ཡ་ཀོབ་དང་ཡོ་ཧ་ནན་ཟེར་བའི་གཞན་སྤུན་གཉིས་ཕ་ཟེ་བད་ཡཱ་མཉམ་དུ་གྲུའི་ནང་ན་ཉ་དོལ་གསོ་བར་གཟིགས་ནས། དེ་གཉིས་བོས་པ་དང་། ༢༢ གྲུ་དང་ཕ་བཞག་ནས་ཁོང་གི་རྗེས་སུ་འབྲངས་སོ༎
༢༣ དེ་ནས་ཡེ་ཤུ་ག་ལིལ་ཡུལ་ཀུན་ཏུ་རྒྱུ་ཞིང་། འདུ་ཁང་རྣམས་སུ་ཆོས་བསྟན། རྒྱལ་སྲིད་ཀྱི་ཕྲིན་བཟང་བསྒྲགས། མིའི་ནད་དང་རྒུད་པ་ཀུན་སེལ་བར་མཛད་དོ། ༢༤ ཁོང་གི་སྙན་གྲགས་སི་རི་ཡཱ་ཡུལ་ཀུན་ཏུ་དར་བས། ནད་པ་དང་། གཟུག་སྣ་ཚོགས་ཅན་དང་། འགོང་ཞུགས་དང་། སྨྱོན་པ་དང་། གཟའ་ཕོག་ཐམས་ཅད་ཁོང་གི་སྐུ་དྲུང་དུ་ཁྱེར་འོངས་པ་དང་། ཁོང་གིས་གསོ་བར་མཛད་དོ། ༢༥ ག་ལིལ་དང་། དེ་ཀཱ་པོ་ལིས་དང་། ཡེ་རུ་ཤ་ལེམ་དང་། ཡ་ཧུ་དཱ་དང་། ཡོར་དན་གྱི་ཕ་རོལ་ནས་འོང་བའི་མི་ཚོགས་ཆེན་པོ་ཁོང་གི་རྗེས་སུ་འབྲངས་སོ༎