མི་ཚོགས་གཟིགས་ནས་ཡེ་ཤུ་རི་ལ་ཕེབས། གདན་ཆགས་པ་དང་ཉེ་གནས་རྣམས་སྐུ་དྲུང་དུ་འོངས།  ཞལ་ཕྱེས་ཏེ་བཀའ་ཆོས་གསུངས་པ།  སྙེམས་ཆུང་རྣམས་བདེའོ། ནམ་མཁའི་རྒྱལ་སྲིད་དེ་ཚོའི་ཡིན་ནོ།  མྱ་ངན་བྱེད་པ་རྣམས་བདེའོ། དེ་ཚོའི་སེམས་གསོ་བར་འགྱུར་རོ།  སེམས་དུལ་བ་རྣམས་བདེའོ། དེ་ཚོ་ས་གཞིའི་བདག་པོར་འགྱུར་བར་འགྱུར་རོ།  དྲང་བ་ཉིད་ཀྱི་ཕྱིར་ལྟོགས་པ་དང་སྐོམ་པ་རྣམས་བདེའོ། དེ་ཚོ་ཚིམ་པར་འགྱུར་རོ།  སྙིང་རྗེ་ཅན་རྣམས་བདེའོ། དེ་ཚོར་སྙིང་རྗེ་ཐོབ་པར་འགྱུར་རོ།  སྙིང་དག་པ་རྣམས་བདེའོ། དེ་ཚོས་དཀོན་མཆོག་མཇལ་བར་འགྱུར་རོ།  འདུམ་བྱེད་མཁན་རྣམས་བདེའོ། དེ་ཚོར་དཀོན་མཆོག་གི་སྲས་ཟེར་བར་འགྱུར་རོ། ༡༠ དྲང་བ་ཉིད་ཀྱི་དོན་དུ་གནོད་འཚེ་མྱོང་བ་རྣམས་བདེའོ། ནམ་མཁའི་རྒྱལ་སྲིད་དེ་ཚོའི་ཡིན་ནོ། ༡༡ ཁྱོད་ཚོར་ངའི་དོན་དུ་སྨད་ཅིང་འཚེ་སྟེ་རྫུན་གྱི་གཏམ་ངན་སྣ་ཚོགས་གཏོང་ན་ཁྱོད་ཚོ་བདེའོ། ༡༢ ནམ་མཁར་ཁྱོད་ཚོའི་རྔན་པ་ཆེན་པོ་ཡིན་པས། དགའ་ཞིང་ཡི་རང་བར་གྱུར་ཅིག ཁྱོད་ཚོ་ལས་སྔོན་དུ་བྱུང་བའི་ལུང་སྟོན་པ་རྣམས་ལའང་འདི་བཞིན་དུ་གནོད་ཚེ་བྱས་པ་ཡིན་ནོ༎
༡༣ ཁྱོད་ཚོ་འཇིག་རྟེན་གྱི་ཚྭ་ཡིན། གལ་ཏེ་ཚྭའི་བྲོ་བ་ཡལ་ན་ཅི་ཡིས་ལན་ཚྭ་བར་བྱ། ཕྱི་རོལ་དུ་དབྱུགས་ནས་མིས་རྡོག་རྫིས་གཏོང་བ་མ་གཏོགས་ཅི་ལའང་མི་ཕན་ནོ། ༡༤ ཁྱོད་ཚོ་འཇིག་རྟེན་གྱི་འོད་ཡིན། རིའི་ཁར་ཆགས་ཡོད་པའི་གྲོང་ཁྱེར་ཡིབ་མི་ཐུབ། ༡༥ མར་མེ་སྤར་ནས་འབོའི་འོག་ཏུ་མི་འཇོག་པར། སྟེགས་ཀྱི་ཁར་འཇོག་སྟེ། ཁྱིམ་གྱི་མི་ཚང་མ་ལ་འོད་སྣང་ངོ་། ༡༦ ཁྱོད་ཚོའི་ལས་བཟང་པོ་མི་རྣམས་ཀྱིས་མཐོང་སྟེ། ནམ་མཁར་བཞུགས་པའི་ཁྱོད་ཚོའི་ཡབ་ལ་སྟོད་པའི་ཕྱིར། ཁྱོད་ཚོའི་འོད་མི་རྣམས་ཀྱི་མདུན་དུ་དེ་བཞིན་དུ་འཕྲོ་ཞིག
༡༧ ང་ནི་བཀའ་ཁྲིམས་དང་ལུང་སྟོན་པ་རྣམས་མེད་པར་བྱེད་དུ་འོངས་པ་ཡིན་མ་སེམས་ཤིག མེད་པར་བྱེད་དུ་མ་འོངས་ཀྱིས་སྒྲུབ་ཏུ་འོངས་པ་ཡིན། ༡༨ གནམ་ས་གཉིས་འདའ་བའི་བར་དུ། བཀའ་ཁྲིམས་ལས་ཐམས་ཅད་མ་གྲུབ་པར་ནི་ཡིག་འབྲུ་གཅིག་དང་ཚེག་གཅིག་ཀྱང་འདའ་བར་མི་འགྱུར་ངས་བདེན་པར་ཟེར། ༡༩ དེའི་ཕྱིར་བཀའ་ཁྲིམས་ཆུང་ཤོས་ཀྱི་ནང་ནས་གཅིག་བཅག་སྟེ། དེ་བཞིན་དུ་གཞན་ལ་སློབ་པ་དེ་ལ་ནམ་མཁའི་རྒྱལ་སྲིད་ནང་ཆུང་ཤོས་ཟེར་བར་འགྱུར། དེ་དག་སྲུང་ཞིང་གཞན་ལ་སློབ་པ་དེ་ལ་ནམ་མཁའི་རྒྱལ་སྲིད་ནང་ཆེན་པོ་ཟེར་བར་འགྱུར་རོ། ༢༠ དེའི་ཕྱིར་མཁན་པོ་དང་ཕ་རུ་ཤི་པ་རྣམས་ཀྱི་དྲང་བ་ཉིད་ལས་ཁྱོད་ཚོའི་དྲང་བ་ཉིད་ལྷག་པར་མེད་ན། ནམ་མཁའི་རྒྱལ་སྲིད་དུ་ཅིས་ཀྱང་འཚུད་པར་མི་འགྱུར་ཞེས་ངས་ཟེར།
༢༡ མེས་པོ་རྣམས་ལ་འདི་སྐད་དུ་མི་མ་གསོད། གསོད་མཁན་དེ་ལ་ཁྲིམས་འཕོག་འོས། ཞེས་གསུངས་པ་ཁྱོད་ཚོས་ཐོས་སོ། ༢༢ འོན་ཀྱང་རང་གི་སྤུན་ལ་འཁྲོ་བ་དེ་ལའང་ཞལ་ཆེ་གཅད་འོས་ངས་ཟེར། ཡང་སྤུན་ལ་སྨྱོན་པ་ཟེར་བ་དེ་ལ་ཞལ་ཆེ་གཅད་འོས། ཡང་དམོད་འཕོག་པ་ཟེར་བ་དེ་ལ་དམྱལ་བའི་ཆད་པ་འཕོག་འོས་སོ། ༢༣ གལ་ཏེ་མཆོད་ཁྲིའི་ཁར་མཆོད་པ་འབུལ་བའི་དུས་སུ་སྤུན་ཞིག་དང་ཁྱེད་ཀྱི་བར་མི་འགྲིག་པ་ཞིག་ཡོད་པ་དྲན་ན། ༢༤ མཆོད་ཁྲིའི་མདུན་དུ་མཆོད་པ་བཞག་སྟེ་སོང་ལ། སྔོན་དུ་རང་གི་སྤུན་དང་མཐུན་ཞིག དེ་ནས་ཤོག་ལ་མཆོད་པ་ཕུལ་ཞིག ༢༥ རང་གི་གཤགས་ཡ་པ་མཉམ་དུ་ཁྲིམས་རར་འགྲོ་རིང་མགྱོགས་པར་མཐུན་ཞིག དེ་མིན་གཤགས་ཡ་པས་ཁྱོད་ཁྲིམས་དཔོན་ལ་དང་། ཁྲིམས་དཔོན་གྱིས་ཁྲིམས་གཡོག་ལ་བཏད་དེ་བཙོན་ཁང་དུ་འཇུག་ཉེན་ཡོད། ༢༦ དོང་ཙེ་གཅིག་ཀྱང་མ་ལུས་པར་མ་བཅལ་བའི་བར་དུ། ཁྱོད་ཅི་ནས་ཀྱང་བཙོན་ཁང་ནས་ཐར་བར་མི་འགྱུར་ཞེས་ངས་བདེན་པར་ཟེར།
༢༧ མེས་པོ་རྣམས་ལ་ལོག་གཡེམ་མ་བྱེད། གསུངས་པ་དེ་ཁྱོད་ཚོས་ཐོས་སོ། ༢༨ འོན་ཀྱང་འདོད་ཆགས་སྐྱེས་ཏེ་བུད་མེད་ཅིག་ལ་ལྟ་བ་དེས་ཀྱང་སྙིང་ནང་དེ་མཉམ་དུ་ལོག་གཡེམ་བྱས་ཟིན་ངས་ཟེར། ༢༩ དེའི་ཕྱིར་ལུས་ཧྲིལ་པོ་དམྱལ་བར་དབྱུག་པ་བས། ཡན་ལག་ལས་གཅིག་མེད་པར་འགྱུར་བ་ལེགས་པས། ཁྱོད་ཀྱི་མིག་གཡས་པས་ཁྱོད་ལྟུང་དུ་འཇུག་ན། བཏོན་ཏེ་རྒྱང་དུ་དབྱུག ༣༠ ལུས་ཧྲིལ་པོ་དམྱལ་བར་སླེབས་པ་བས། ཡན་ལག་ལས་གཅིག་མེད་པར་འགྱུར་བ་ལེགས་པས། ཁྱོད་ཀྱི་ལག་པ་གཡས་པས་ཁྱོད་ལྟུང་དུ་འཇུག་ན། བཅད་དེ་རྒྱང་དུ་དབྱུག
༣༡ རང་གི་ཆུང་མ་དང་ཁ་ཕྲལ་བ་དེས་འབྲལ་ཡིག་སྟེར་བར་དགོས་ཅེས་གསུངས་སོ། ༣༢ འོན་ཀྱང་ལོག་གཡེམ་གྱི་རྒྱུ་ཡིས་མ་གཏོགས་པར། རང་གི་ཆུང་མ་ཁ་ཕྲལ་བ་དེས་མོ་ལ་ལོག་གཡེམ་བྱེད་དུ་འཇུག ཁ་ཕྲལ་བའི་བུད་མེད་ཆུང་མར་བླང་བ་དེས་ཀྱང་ལོག་གཡེམ་བྱེད་ངས་ཟེར་རོ༎
༣༣ མེས་པོ་རྣམས་ལ་མནའ་ལས་མ་འགལ་ཞིག གཙོ་བོ་ཚད་དུ་བཙུག་ནས་མནའ་སྐྱེལ་བ་དེ་སྒྲུབས་ཤིག་གསུངས་པ་དེ་ཐོས་ཡོད། ༣༤ འོན་ཀྱང་ངས་མནའ་ནམ་ཡང་མ་སྐྱེལ་ཟེར། ནམ་མཁའ་ནི་དཀོན་མཆོག་གི་བཞུགས་ཁྲི་ཡིན་པས། ནམ་མཁའི་མནའ་མ་སྐྱེལ། ༣༥ ས་གཞི་ནི་ཁོང་གི་ཞབས་སྟེགས་ཡིན་པས། ས་གཞིའི་མནའ་མ་སྐྱེལ། ཡེ་རུ་ཤ་ལེམ་ནི་ནམ་མཁའི་རྒྱལ་པོའི་རྒྱལ་ས་ཡིན་པས། ཡེ་རུ་ཤ་ལེམ་གྱི་མནའ་མ་སྐྱེལ། ༣༦ སྐྲ་ཉག་གཅིག་ཀྱང་དཀར་པོའམ་ནག་པོར་བྱེད་མི་ཐུབ་པས། རང་གི་མགོའི་མནའ་མ་སྐྱེལ་བར། ༣༧ ཁྱོད་ཀྱི་གཏམ་ནི་ཡིན་ན་ཡིན། མིན་ན་མིན་ཡོད་དགོས། འདི་ལས་ལྷག་པ་ཇི་ཡོད་ངན་པ་ནས་འབྱུང་ངོ་༎
༣༨ མིག་གི་ལན་ལ་མིག་དང་། སོའི་ལན་ལ་སོ་གསུངས་པ་དེ་ཐོས་ཡོད། ༣༩ འོན་ཀྱང་མི་ངན་ལ་མ་རྒོལ་བར། ཁྱོད་ཀྱི་འགྲམ་པ་གཡས་པ་ལ་འགྲམ་ལྕག་བརྒྱབ་མཁན་ལ་གཡོན་པ་དེའང་སྒྱུར་ཅིག་ངས་ཟེར། ༤༠ ཁྱོད་དང་རྩོད་ནས་གོས་འཁྱེར་དུ་འདོད་མཁན་དེ་ལ་འོག་འཇུག་ཀྱང་ཐོང་ཞིག ༤༡ ཁྱོད་ལ་དཔག་ཚད་གཅིག་ཏུ་དབང་གིས་འཁྲིད་མཁན་དང་མཉམ་དུ། དཔག་ཚད་གཉིས་སོང་ཞིག ༤༢ ཞུ་མཁན་ལ་སྟེར། སྐྱི་བར་འདོད་མཁན་ལ་རྒྱབ་མ་སྟོན་ཅིག
༤༣ ཁྱིམ་མཚེས་ལ་བྱམས་པ་བྱོས། དགྲ་ལ་སྡོང་ཞིག་གསུངས་པ་དེ་ཐོས་ཡོད། ༤༤ འོན་ཀྱང་ཁྱོད་ཀྱི་ཡབ་ནམ་མཁར་བཞུགས་པའི་སྲས་ཡིན་པའི་ཕྱིར། དགྲ་ལ་བྱམས་པ་བྱོས། ཁྱོད་ཀྱི་འཚེ་བ་པོའི་དོན་དུ་གསོལ་བ་ཐོབ་ཅེས་ངས་ཟེར། ༤༥ ཅིའི་ཕྱིར་ཞེ་ན། ཁོང་གིས་བཟང་ངན་གཉིས་པོར་ཉིད་ཀྱི་ཉི་མ་འཆར་དུ་འཇུག་སྟེ། དྲང་པོ་དང་དྲང་པོ་མིན་པ་གཉིས་པོར་ཆར་པ་འབེབས་པར་མཛད་དོ། ༤༦ རང་ལ་བྱམས་པ་ལ་བྱམས་ན་རྔན་པ་ཅི་ཐོབ། ཤོ་གམ་པས་*ཀྱང་དེ་བཞིན་དུ་མི་བྱེད་དམ། ༤༧ སྤུན་འབའ་ཞིག་ལ་ཕྱག་བྱེད་ན་གཞན་ལས་ལྷག་པ་ཅི་བྱེད། ཕྱི་པས་ཀྱང་དེ་བཞིན་དུ་མི་བྱེད་དམ། ༤༨ དེའི་ཕྱིར་ཁྱོད་ཚོའི་ནམ་མཁའི་ཡབ་ཕུན་སུམ་ཚོགས་པ་ལགས་པ་ལྟར། ཁྱོད་ཚོའང་ཕུན་སུམ་ཚོགས་པར་གྱུར་ཅིག།