དགེ་བ་མི་ལ་ངོམ་པ་ལས་ཟོན་བྱོས་ཤིག དེ་མིན་ནམ་མཁར་བཞུགས་པའི་ཁྱོད་ཀྱི་ཡབ་ཀྱི་སྐུ་དྲུང་དུ་བྱ་དགའ་མེད་དོ།  སྦྱིན་པ་གཏོང་བའི་ཚེ་མིས་བསྟོད་པར་བྱེད་པའི་ཕྱིར་ཁ་ཆོས་པས་འདུ་ཁང་དང་ལམ་སྲང་རྣམས་སུ་དུང་འབུད་དུ་འཇུག་པ་ལྟར། རང་གི་མདུན་དུ་དུང་འབུད་དུ་མ་ཆུག དེ་ལ་བྱ་དགའ་ཐོབ་ཟིན་ཞེས་ངས་བདེན་པར་ཟེར།  འོན་ཀྱང་ཁྱོད་ཀྱི་སྦྱིན་པ་གསང་བར་གནས་པའི་ཕྱིར། སྦྱིན་པ་གཏོང་བའི་ཚེ། ལག་པ་གཡས་པས་ཅི་བྱེད་པ་ལག་པ་གཡོན་པ་ལའང་ཤེས་མ་ཆུག  དེ་ནས་གསང་བ་ལ་གཟིགས་པའི་ཁྱོད་ཀྱི་ཡབ་ཀྱིས་ཁྱོད་ལ་བྱ་དགའ་གནང་བར་འགྱུར་རོ༎
 སྨོན་ལམ་འདེབས་པའི་ཚེ། མིས་མཐོང་བའི་ཕྱིར་འདུ་ཁང་དང་སྲང་མདོར་ལངས་ཏེ། སྨོན་ལམ་འདེབས་པ་ལ་དགའ་བའི་ཁ་ཆོས་པ་ལྟར་མ་བྱེད། དེ་དག་ལ་བྱ་དགའ་ཐོབ་ཟིན་ངས་བདེན་པར་ཟེར།  སྨོན་ལམ་འདེབས་པའི་ཚེ། རང་གི་ནང་མིག་ནང་ཞུགས་ཏེ། སྒོ་བརྒྱབས་ནས། གསང་བ་རུ་བཞུགས་པའི་རང་གི་ཡབ་ལ་སྨོན་ལམ་ཞུས། དེ་ནས་གསང་བ་ལ་གཟིགས་པའི་ཁྱོད་ཀྱི་ཡབ་ཀྱིས་ཁྱོད་ལ་རྔན་པ་གནང་འོང་།  སྨོན་ལམ་འདེབས་པའི་ཚེ། ཚིག་མང་བས་སྨོན་ལམ་གསན་འོང་སེམས་པའི་ཕྱི་པ་ལྟར་རྒྱ་ལབ་མ་གཏོང་།  ཁྱོད་ཀྱི་དགོས་པ་མ་ཞུ་བའི་སྔོན་དུ་ཁྱོད་ཀྱི་ཡབ་ཀྱིས་མཁྱེན་པས། དེ་རྣམས་དང་འདྲ་བར་མ་བྱེད་ཅིག  ཁྱོད་ཀྱིས་སྨོན་ལམ་འདི་ལྟར་ཞུས་ཤིག
ནམ་མཁར་བཞུགས་པའི་ངེད་ཀྱི་ཡབ༎
ཁྱེད་མཚན་དམ་པར་སྲུང་བར་ཤོག།
༡༠ ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག།
ཁྱེད་ཀྱི་དགོངས་པ་ནམ་མཁའ་ལ༎
སྒྲུབ་ལྟར་ས་ལའང་སྒྲུབ་པར་ཤོག།
༡༡ ངེད་ཀྱི་ཉི་མ་རེའི་ཁ་ཟས༎
དེ་རིང་ཡང་ནི་གནང་བར་མཛོད༎
༡༢ ངེད་ཀྱིས་གཞན་ཉེས་སེལ་བ་ལྟར༎
ངེད་ཀྱི་སྡིག་པ་སེལ་བར་མཛོད༎
༡༣ ཉམས་སད་ནང་དུ་མ་འཁྲིད་པར༎
ངན་པ་ལས་ངེད་ཐར་པར་མཛོད༎
རྒྱལ་སྲིད་དབང་དང་གཟི་བརྗིད་ནི༎
རྒྱུན་ནས་རྒྱུན་དུ་ཁྱེད་ཀྱི་འོ༎ ཨ་མེན༎
༡༤ ཁྱོད་ཀྱིས་གཞན་ལ་བཟོད་པ་བྱེད་ན། ཁྱོད་ཀྱི་ནམ་མཁའི་ཡབ་ཀྱིས་ཀྱང་ཁྱོད་ལ་བཟོད་པ་མཛད་པར་འགྱུར། ༡༥ གཞན་ལ་བཟོད་པ་མི་བྱེད་ན། ཁྱོད་ཀྱི་ནམ་མཁའི་ཡབ་ཀྱིས་ཀྱང་ཁྱོད་ལ་བཟོད་པ་མཛད་པར་མི་འགྱུར་རོ༎
༡༦ ཁ་ཆོས་པས་སྨྱུང་གནས་ལ་བསྡད་པ་ཡིན་པར་བསྟན་པའི་ཕྱིར་དུ་རང་གི་གདོང་ནག་པོ་བསྟན་པ་ལྟར་ཁྱོད་ཀྱིས་མ་སྟོན་ཅིག དེ་རྣམས་ལ་བྱ་དགའ་ཐོབ་ཟིན་ངས་བདེན་པར་ཟེར། ༡༧ ཁྱོད་ཀྱིས་སྨྱུང་གནས་སྲུང་བའི་ཚེ། ༡༨ སྨྱུང་གནས་ལ་ཡོད་པ་མིས་མི་མཐོང་ཡང་། གསང་བར་བཞུགས་པའི་ཡབ་ཀྱིས་གཟིགས་པས་ན། མགོ་ལ་སྣུམ་སྐུས། གདོང་ཁྲུས། དེ་ནས་གསང་བ་ལ་གཟིགས་པའི་ཁྱོད་ཀྱི་ཡབ་ཀྱིས་ཁྱོད་ལ་བྱ་དགའ་གནང་བར་འགྱུར་རོ༎
༡༩ ས་ལ་ནོར་མ་སོག དེ་མུག་པ་དང་བཙས་ཟ་རྐུན་མས་ཀྱང་རྐུ་བས། ༢༠ ནམ་མཁར་ནོར་སོག དེ་མུག་པ་དང་བཙས་མི་ཟ་རྐུན་མས་ཀྱང་མི་རྐུའོ། ༢༡ ཅིའི་ཕྱིར་ཞེ་ན། གང་ན་ཁྱོད་ཀྱི་གཏེར་ཡོད་ན། དེ་ན་ཁྱོད་ཀྱི་སྙིང་ཡང་ཡོད།
༢༢ མིག་ནི་ལུས་ཀྱི་མར་མེ་ཡིན། ཁྱོད་ཀྱི་མིག་བཟང་ན། ལུས་ཚང་པོ་འོད་ཅན་དུ་འགྱུར། ༢༣ ཁྱོད་ཀྱི་མིག་ངན་ན། ལུས་ཚང་པོ་མུན་པར་འགྱུར། ཁྱོད་ཀྱི་ནང་ན་ཡོད་པའི་འོད་དེ་མུན་པ་ཡིན་ན། ཇི་ལྟ་བུའི་མུན་པ་ཆེ།
༢༤ དཔོན་པོ་གཉིས་ཀྱི་གཡོག་སུས་ཀྱང་བྱེད་མི་ཐུབ། གཅིག་ལ་སྡང་སྟེ་གཅིག་ལ་ཆགས་པའམ། གཅིག་ལ་མོས་ཤིང་གཅིག་ལ་བརྙས། དཀོན་མཆོག་དང་ནོར་ལྷ་གཉིས་ཀྱི་གཡོག་བྱེད་མི་ནུས་སོ། ༢༥ དེའི་ཕྱིར་ཅི་ཟ། ཅི་འཐུང་། ཅི་གོན་སེམས་ཤིང་རང་གི་སྲོག་དང་ལུས་ཀྱི་ཕྱིར་མ་འཚེར་ཞིག་ངས་ཟེར། ཁ་ཟས་པས་སྲོག་དང་། གོས་ལས་ལུས་གལ་མི་ཆེའམ། ༢༦ གནམ་གྱི་བྱ་རྣམས་ལ་ལྟོས། དེ་དག་གིས་མི་རྨོ། མི་རྔ་། བང་མཛོད་དུའང་མི་སོག་ཀྱང་། ཁྱོད་ཀྱི་ནམ་མཁའི་ཡབ་ཀྱིས་འཚོ་བ་སྦྱོར་རོ། དེ་དག་ལས་ཁྱོད་ཚོ་གལ་མི་ཆེའམ། ༢༧ སེམས་འཁྲལ་གྱིས་རང་གི་ཚེ་ལ་ཁྲུ་གང་འཐུད་ཐུབ་པ་ཁྱོད་ཀྱི་ནང་ན་སུ་ཡོད། ༢༨ གོས་ཀྱི་ཕྱིར་ཅི་ལ་སེམས་འཁྲལ་བྱེད། ཞིང་གི་དྲེས་མ་ལ་ལྟོས། དེ་དག་མི་འབད་མི་འཁལ་ཡང་ཇི་ལྟར་ཆེར་སྐྱེའོ་ངས་ཟེར། ༢༩ རྒྱལ་པོ་ཤ་ལོ་མོ་ཡོངས་སུ་ཟིལ་དང་ལྡན་པའི་ཚེའང་དེ་དག་ལས་གཅིག་དང་འདྲ་བ་གྱོན་པ་མ་ཡིན་ནོ། ༣༠ ཞིང་གི་རྩྭ་དེ་རིང་ཡོད་དེ། སང་མེ་ཐབ་ནང་འདེབས་རྒྱུ་དེ་ལ་དཀོན་མཆོག་གིས་འདི་འདྲའི་གོས་སྐོན་པར་མཛད་ན། ཀྱེ་དད་ཆུང་ཚོ། ཁྱོད་ཚོ་ལ་དེ་དག་ལས་ལྷག་པར་སྐོན་པར་མི་མཛད་དམ། ༣༡ དེའི་ཕྱིར་ཅི་ཟ། ཅི་འཐུང་། ཅི་གོན་ཟེར་ཞིང་སེམས་འཁྲལ་མ་བྱེད། ༣༢ དེ་ཐམས་ཅད་ཕྱི་པས་འཚོལ་ལོ། ཁྱོད་ལ་དེ་ཐམས་ཅད་དགོས་པ་ཁྱོད་ཀྱི་ནམ་མཁའི་ཡབ་ཀྱིས་མཁྱེན་ནོ། ༣༣ ཐོག་མར་དཀོན་མཆོག་གི་རྒྱལ་སྲིད་དང་དྲང་བ་ཉིད་ཚོལ་ཞིག་དང་། དེ་ཐམས་ཅད་ཞར་ལ་ཐོབ་པར་འགྱུར་རོ། ༣༤ དེའི་ཕྱིར་སང་ཉིན་གྱི་ཕྱིར་དུ་སེམས་འཁྲལ་མ་བྱེད། སང་ཉིན་གྱིས་རང་གི་ཅག་ག་བྱེད་པར་འགྱུར། ཉིན་རེ་ལ་སྡུག་བསྔལ་རེས་ཆོག་གོ།