༧
རང་མཚང་མི་འབྲུ་བའི་ཕྱིར་གཞན་མཚང་མ་འབྲུ། ༢ ཇི་ལྟར་ཁྱོད་ཀྱིས་གཞན་མཚང་འབྲུ་བ། དེ་ལྟར་ཁྱོད་ཀྱི་མཚང་ཡང་འབྲུ་བར་འགྱུར། ཁྱོད་ཀྱིས་ཚད་གང་གིས་གཤོར་ན། ཚད་དེ་རང་གིས་ཁྱོད་ལ་གཤོར་བར་འགྱུར། ༣ རང་གི་མིག་ནང་ཡོད་པའི་གདུང་མ་མི་ཤེས་པར། སྤུན་གྱི་མིག་ནང་ཡོད་པའི་སྦུར་མ་མཐོང་བ་དེ་ཅི་ཡིན། ༤ རང་གི་མིག་ནང་གདུང་མ་ཡོད་བཞིན་དུ་སྤུན་ལ། ཁྱོད་ཀྱི་མིག་གི་ནང་ནས་སྦུར་མ་དེ་ངས་འདོན་པར་བྱའོ་ཞེས་ཅི་ལྟར་ཟེར་བར་ཐུབ། ༥ ཁ་ཆོས་པ་ཁྱོད། སྔོན་ལ་རང་གི་མིག་གི་གདུང་མ་དེ་ཐོན་ཞིག དེ་ནས་རང་གི་སྤུན་གྱི་མིག་གི་སྦུར་མ་འདོན་པའི་ཕྱིར་གསལ་པོར་མཐོང་བར་འགྱུར་རོ། ༦ དམ་པ་ཡིན་པ་ཁྱི་ལ་མ་བྱིན། རང་གི་མུ་ཏིག་ཕག་པའི་མདུན་དུ་མ་དབྱུག དེ་མིན་རྐང་པས་བརྫིས་ནས་ཚུར་ལོག་སྟེ་ཁྱོད་ཧྲལ་བར་འགྱུར་རོ༎༧ སློང་ཞིག་དང་གནང་བར་འགྱུར། ཚོལ་ཞིག་དང་རྙེད་པར་འགྱུར། སྒོ་རྡུངས་ཤིག་དང་ཕྱེ་བར་འགྱུར། ༨ ཅི་ཕྱིར་ཞེ་ན། སློང་མཁན་ལ་ཐོབ། འཚོལ་མཁན་ལ་རྙེད། སྒོ་རྡུང་མཁན་ལ་ཕྱེ་བར་འགྱུར་རོ། ༩ རང་གི་བུས་བག་ལེབ་སློང་ན། དེ་ལ་རྡོ་སྟེར་ཞིང་། ༡༠ ཉ་སློང་ན་སྦྲུལ་སྟེར་བ་ཁྱོད་ཚོའི་ནང་ན་ཡོད་དམ། ༡༡ ཁྱོད་ཚོ་ངན་པ་ཡིན་བཞིན་དུ་རང་ཕྲུག་ལ་རྫས་བཟང་པོ་གཏོང་བར་ཤེས་ན། ཁྱོད་ཚོའི་ནམ་མཁའི་ཡབ་ཀྱིས་ཞུ་མཁན་ལ་རྫས་བཟང་པོ་ཇི་ཙམ་མི་གནང་། ༡༢ ཇི་ལྟར་གཞན་ལས་འདོད་པ། དེ་ལྟར་གཞན་ལ་བྱོས་ཤིག བཀའ་ཁྲིམས་དང་ལུང་བསྟན་ནི་དེ་ཀའོ༎
༡༣ སྒོ་དོག་མོ་ནས་ཞུགས་ཤིག འཆི་བར་འཁྲིད་པའི་སྒོ་ནི་ཡངས་ཤིང་ལམ་ཡང་ཞེང་ཅན་ཡོད་པས་འགྲོ་མཁན་མང་ངོ་། ༡༤ ཚེ་མཐའ་མེད་པར་འདྲེན་པའི་ལམ་ནི་ཕྲ་ལ་སྒོ་དོག་མོ་ཡོད་པས་ཐོབ་མཁན་ཉུང་ངོ་༎
༡༥ ལུང་སྟོན་པ་རྫུས་མ་ལས་ཟོན་བྱོས་ཤིག དེ་རྣམས་ཁྱོད་ཀྱི་རྩར་ལུག་ལྤགས་གྱོན་ཏེ་འོང་ཡང་། ནང་ནི་སྤྱང་ཀི་དྲག་པོ་རྣམས་ཡིན་ནོ། ༡༦ འབྲས་བུ་ལས་དེ་དག་ཤེས་འོང་། ཚེར་མ་ལས་རྒུན་འབྲུམ་མམ། ལྗང་ཚེར་ལས་སེ་ཡབ་སུས་སྒྲུག ༡༧ དེ་བཞིན་དུ་རྩི་ཤིང་བཟང་པོས་འབྲས་བུ་བཟང་པོ་སྐྱེད། རྩི་ཤིང་ངན་པས་འབྲས་བུ་ངན་པ་སྐྱེད། ༡༨ རྩི་ཤིང་བཟང་པོས་འབྲས་བུ་ངན་པ་སྐྱེད་མི་ཐུབ། རྩི་ཤིང་ངན་པས་འབྲས་བུ་བཟང་པོ་སྐྱེད་མི་ཐུབ་བོ། ༡༩ འབྲས་བུ་བཟང་པོ་མི་སྐྱེད་པའི་རྩི་ཤིང་ཀུན་བཅད་དེ་མེ་ལ་འདེབས་སོ། ༢༠ དེ་བས་ན་འབྲས་བུ་ལས་དེ་དག་ཤེས་འོང་།
༢༡ ངའི་ནམ་མཁའི་ཡབ་ཀྱི་དགོངས་པ་སྒྲུབ་མཁན་མ་གཏོགས་པར། ང་ལ་གཙོ་བོ་ལགས། གཙོ་བོ་ལགས། ཟེར་མཁན་ཐམས་ཅད་ནམ་མཁའི་རྒྱལ་སྲིད་དུ་མི་ཚུད། ༢༢ ཉིན་མོ་དེར་*མང་པོས་ང་ལ། གཙོ་བོ་ལགས། གཙོ་བོ་ལགས། ངེད་ཀྱིས་ཁྱེད་ཀྱི་མཚན་གྱི་ངང་ནས་ལུང་མ་བསྟན་ཏམ། ཁྱེད་ཀྱི་མཚན་གྱི་ངང་ནས་འགོང་པོ་མ་བསྐྲད་དམ། ཁྱེད་ཀྱི་མཚན་གྱི་ངང་ནས་ལྟས་མང་པོ་མ་བསྟན་ཏམ་ཞེས་ཟེར་འོང་། ༢༣ དེའི་ཚེ་ངས་དེ་རྣམས་ལ། ངས་ཁྱོད་ནམ་ཡང་ངོ་མི་ཤེས་པས། སྡིག་སྤྱོད་རྣམས་ཕར་སོང་ཞིག་སྨྲ་བར་བྱའོ༎
༢༤ ངའི་བཀའ་ཐོས་ནས་སྒྲུབ་པ་དེ། བྲག་གི་ཁར་ཁང་པ་བརྩིགས་པའི་མཁས་པ་དང་འདྲ་སྟེ། ༢༥ བྲག་གི་ཁར་བརྩིགས་པས། ཆར་པ་བབས། ཆུ་རུད་བྱུང་། རླུང་དྲག་ལངས་ནས་ཁང་པ་དེ་ལ་ཕོག་ཀྱང་མ་བརྡིབས་སོ། ༢༦ ངའི་བཀའ་ཐོས་ནས་མི་སྒྲུབ་པ་དེ། བྱེ་མའི་ཁར་ཁང་པ་བརྩིགས་པའི་གླེན་པ་དང་འདྲ་སྟེ། ༢༧ ཆར་པ་བབས། ཆུ་རུད་བྱུང་། རླུང་དྲག་ལངས། ཁང་པ་དེ་ལ་ཕོག་པས། བརྡིབས་ཏེ་རྩ་བ་ནས་བརླགས་སོ༎
༢༨-༢༩ ཡེ་ཤུས་བཀའ་གསུངས་ཟིན་པ་དང་། ཁོང་གིས་མཁན་པོ་རྣམས་དང་མི་འདྲ་བར། དབང་ལྡན་དང་འདྲ་བར་ཆོས་བསྟན་པས། མི་ཚོགས་ཁོང་གི་བསྟན་པ་ལ་ངོ་མཚར་དུ་གྱུར་ཏོ༎