༨
ཡེ་ཤུ་རི་ལས་མར་ཕེབས་པའི་ཚེ། མི་ཚོགས་ཕྱི་བཞིན་འབྲངས་སོ། ༢ མཛེ་ཅན་ཞིག་སྐུ་དྲུང་དུ་འོངས་ནས་ཕྱག་བཙལ་ཏེ། ཇོ་བོ་ལགས། ཁྱེད་ཐུགས་མཉེས་ན་ང་གཙང་བར་མཛད་ནུས་སོ་ཞུས་པ་དང་། ༣ ཡེ་ཤུས་ཕྱག་བརྐྱངས་ཏེ། ཁོ་ལ་རེག་ནས། ང་འདོད་དོ། གཙང་བར་གྱུར་ཅིག ཅེས་གསུངས་པ་དང་། མཛེ་དག་པར་གྱུར་ཏོ། ༤ ཡེ་ཤུས་ཁོ་ལ། སུ་ལའང་མ་བཤད་པར་སོང་ལ། དཔང་བྱེད་པའི་ཕྱིར་རང་གི་ལུས་མཆོད་ཤོམས་པ་ལ་བསྟན་ནས། མོ་ཤེས་*བཀའ་གནང་བའི་མཆོད་པ་དེ་ཕུལ་ཞིག ཅེས་བཀའ་སྩལ་ཏོ༎༥ དེ་ནས་ཀ་ཕར་ནཱ་ཧུམ་དུ་ཕེབས་པའི་ཚེ། བརྒྱ་དཔོན་ཞིག་བཅར་ནས། ༦ ཇོ་བོ་ལགས། ངའི་གཡོག་པོ་གཟའ་ཕོག་ནས། རབ་ཏུ་སྡུག་བསྔལ་ཞིང་ཁང་པར་ཉལ་ཡོད། ཅེས་ནན་གྱིས་ཞུས་པ་དང་། ༧ ཁོང་གིས་ང་འོངས་ནས་ཁོའི་ནད་སེལ་བར་བྱའོ་གསུངས། ༨ བརྒྱ་དཔོན་གྱིས། ཇོ་བོ་ལགས། ཁྱེད་ང་ལྟ་བུའི་ཐོག་འོག་ཏུ་ཕེབས་པར་མི་འོས་པས། བཀའ་གནོང་ཞིག་དང་། ངའི་གཡོག་པོ་གསོ་བར་འགྱུར་རོ། ༩ ང་གཞན་གྱི་དབང་འོག་ན་ཡིན་ཀྱང་། ངའི་འོག་ལའང་དམག་མི་ཡོད། གཅིག་ལ་སོང་ཟེར་ན་འགྲོ། གཅིག་ལ་ཤོག་ཟེར་ན་འོང་། གཡོག་པོ་ལ་ལས་འདི་བྱོས་ཟེར་ན་བྱེད་དོ་ཞེས་ཞུས་སོ། ༡༠ ཡེ་ཤུས་དེ་གསན་ནས་ངོ་མཚར་འཁྲུངས་ཏེ་འཁོར་རྣམས་ལ། ངས་བདེན་པར་ཟེར། ཨིས་ར་ཨེལ་གྱི་ནང་ན་འདི་འདྲ་བའི་དད་པ་མ་རྙེད། ༡༡ ཤར་ནུབ་གཉིས་ནས་མི་མང་པོ་འོངས་ནས་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་མཉམ་དུ་ནམ་མཁའི་རྒྱལ་སྲིད་ནང་སྡོད་པར་འགྱུར་གྱི། ༡༢ རྒྱལ་སྲིད་ཀྱི་བུ་རྣམས་ངུ་འབོད་དང་སོ་ཁྲིག་པ་འབྱུང་བའི་ཕྱི་རོལ་གྱི་མུན་པའི་ནང་དབྱུག་པར་འགྱུར་ཞེས་ངས་ཟེར་གསུངས་སོ། ༡༣ བརྒྱ་དཔོན་ལ། སོང་། ཁྱོད་ཀྱི་དད་པ་བཞིན་དུ་གྱུར་ཅིག་གསུངས་པ་དང་། དུས་ཚོད་དེ་རང་ལ་གཡོག་པོ་དེ་གསོས་པར་གྱུར་ཏོ༎
༡༤ ཡེ་ཤུ་པེ་ཏྲོའི་ཁང་པར་ཕེབས་ནས། དེའི་སྒྱུག་མོ་ཚ་བའི་ནད་ཀྱིས་ཉལ་ཡོད་པ་གཟིགས་ཏེ། ༡༥ མོའི་ལག་པ་ལ་རེག་པ་དང་། ཚ་བ་སེལ་ནས་མོ་ལངས་ཏེ་ཞབས་ཕྱི་ཞུས་སོ། ༡༦ ཕྱི་དྲོ་འགོང་ཞུགས་རྣམས་ཁོང་གི་དྲུང་དུ་འཁྲིད་འོངས་པ་རྣམས་ལ་བཀའ་བསྒོ་ཞིང་འདོན་པར་མཛད། ནད་པ་ཀུན་གསོ་བར་མཛད། ༡༧ ལུང་སྟོན་པ་ཡེ་ཤ་ཡཱས། ཁོང་གིས་ངེད་ཀྱི་རྒུད་པ་བཞེས། ངེད་ཀྱི་ན་ཚ་ཁོང་གིས་ཐོགས། ཞེས་གསུངས་པ་འགྲུབ་པའི་ཕྱིར་དེ་ལྟར་གྱུར་ཏོ༎
༡༨ ཡེ་ཤུས་མི་ཚོགས་ཀྱིས་སྐོར་བར་གཟིགས་ནས། མཚོའི་ཕ་རོལ་དུ་འགྲོ་བའི་བཀའ་གནང་ངོ་། ༡༩ མཁན་པོ་ཞིག་འོངས་ནས། སྟོན་པ་ལགས། ཁྱེད་གར་ཕེབས་སར་ང་རྗེས་སུ་འབྲང་ངོ་ཞུས་པར། ༢༠ ཡེ་ཤུས། ཝ་ལ་ཝ་ཚང་དང་། གནམ་གྱི་བྱ་ལ་བྱ་ཚང་ཡོད་ཀྱང་། མིའི་བུ་*ལ་མགོ་གཞག་པའི་སའང་མེད་གསུངས་སོ། ༢༡ ཉེ་གནས་གཞན་གཅིག་གིས། ཇོ་བོ་ལགས། སྔོན་དུ་ངའི་ཕ་དུར་དུ་འཇུག་པར་འགྲོ་བའི་དགོངས་པ་གནོང་ཞིག་ཞུས། ༢༢ ཡེ་ཤུས། ངའི་རྗེས་སུ་འབྲོང་ཞིག གཤིན་པོར་རང་གི་གཤིན་པོ་བསྐུང་དུ་ཆུག་ཅེས་གསུངས་སོ༎
༢༣ དེ་ནས་ཁོང་གྲུའི་ནང་དུ་ཕེབས་པ་དང་། ཉེ་གནས་རྣམས་ཁོང་དང་མཉམ་དུ་སོང་ངོ་། ༢༤ མཚོ་དཀྱིལ་དུ་རླུང་དྲག་པོ་ལངས་ནས། རྦ་རླབས་ཀྱིས་གྲུ་བཀབ་ཀྱང་། ཁོང་མནལ་དུ་ཕེབས་ཡོད་པ་ཡིན། ༢༥ དེ་དག་ཉེ་བར་འོངས་ནས་མནལ་སད་དེ། གཙོ་བོ་ལགས། སྐྱོབས་ཤིག ང་ཚོ་འཆིའོ། ཞུས་པ་དང་། ༢༦ ཡེ་ཤུས། དད་ཆུང་ཁྱེད། ཅི་ལ་འཇིགས། གསུངས་ནས་བཞེངས་ཏེ། རླུང་དང་མཚོ་ལ་བཀའ་བཀྱོན་པས་དེ་དག་ཡོངས་སུ་ཞི་བར་གྱུར་ཏོ། ༢༧ དེ་རྣམས་ངོ་མཚར་དུ་གྱུར་ཏེ། རླུང་དང་མཚོའང་བཀའ་ལ་ཉན་པས། ཅི་འདྲའི་སྐྱེས་བུ་ཡིན་ཟེར་ཏོ༎
༢༨ མཚོའི་ཕ་རོལ་དུ་ག་ད་རཱ་པའི་ཡུལ་དུ་ཕེབས་པ་དང་། ལམ་དེ་ལས་སུའང་འགྲོ་མི་ཐུབ་པ་ཙམ་གྱི་འགོང་ཞུགས་ཤིན་ཏུ་དྲག་པོ་གཉིས་ཡོད་པ་རོ་ཁང་ནས་ཐོན་ཏེ་ཁོང་དང་མཇལ་ནས། ༢༩ སྐད་ཆེན་པོས། ཀྱེ་དཀོན་མཆོག་གི་སྲས་ཁྱེད་དང་ངེད་ལ་དོན་ཅི་ཡོད། དུས་མ་རན་པར་ངེད་ལ་འཚེ་བའི་ཕྱིར་འདི་རུ་ཕེབས་སམ་ཞུས་སོ། ༣༠ རྒྱང་རིང་ན་ཕག་ཁྱུ་ཆེན་པོ་ཞིག་འཚོ་ཞིང་ཡོད་པས། ༣༡ འགོང་པོས། ངེད་བསྐྲད་ན། ཕག་ཁྱུ་དེའི་ནང་དུ་འཇུག་པར་གནོང་ཞིག་ཞུས་པ་དང་། ༣༢ སོང་གསུངས་པས། དེ་དག་ཐོན་ནས་ཕག་པའི་ནང་དུ་ཞུགས་ཏེ། ཕག་ཁྱུ་ཧྲིལ་པོ་གཡང་གཟར་ནས་རྒྱུགས་པས། མཚོར་ལྷུངས་ནས་ནུབ་སྟེ་ཤིའོ། ༣༣ ཕག་རྫི་རྣམས་བྲོས་ནས་གྲོང་ཁྲེར་དུ་སོང་སྟེ། འགོང་ཞུགས་དག་གི་གནས་ཚུལ་ཇི་བྱུང་བ་ཐམས་ཅད་བཤད་པ་དང་། ༣༤ གྲོང་ཁྱེར་ཐམས་ཅད་ཡེ་ཤུ་མཇལ་དུ་འོངས་ཏེ། ཁོ་རྣམས་ཀྱི་ཡུལ་འཁོར་ནས་ཕར་ཕེབས་ཤིག་ཅེས་ཞུས་སོ༎