༩
དེ་ནས་གྲུའི་ཐོག་ཏུ་ཆུ་བརྒལ་ནས། ཉིད་ཀྱི་གྲོང་ཁྱེར་དུ་ཕེབས། ༢ དེར་ཉལ་ཁྲིར་ཉལ་བའི་གཟའ་ཕོག་པ་ཞིག་སྐུ་དྲུང་དུ་འཁུར་འོངས། དེ་དག་གི་དད་པའི་སེམས་གཟིགས་ནས། ཡེ་ཤུས་གཟའ་ཕོག་པ་དེ་ལ། བུ། སེམས་ལྷོད་དེར་སྡོད་ཅིག ཁྱོད་ཀྱི་སྡིག་པ་སེལ་བ་ཡིན་གསུངས་པས། ༣ མཁན་པོ་ཁ་ཅིག་གིས་འདིས་སྐུར་པ་འདེབས་སོ་སེམས་པ་ལས། ༤ ཡེ་ཤུས་དེ་རྣམས་ཀྱི་བསམ་པ་མཁྱེན་ནས། ཁྱོད་ཚོའི་སྙིང་ནང་བསམ་ངན་ཅི་ལ་སྐྱེད། ༥ ཁྱོད་ཀྱི་སྡིག་པ་སེལ་བ་ཡིན་ཟེར་བ་སླའམ། ལངས་ཏེ་འགྲུལ་ཞིག་ཟེར་བ་སླ། ༦ འོན་ཀྱང་མིའི་བུ་ལ་འཇིག་རྟེན་དུ་སྡིག་པ་སེལ་བའི་དབང་ཡོད་པ་ཁྱོད་ཚོས་ཤེས་པའི་ཕྱིར། ཞེས་གསུངས་ནས་གཟའ་ཕོག་པ་དེ་ལ། ལོངས་ལ་ཉལ་ཁྲི་ཁུར་ནས་ཁྱིམ་དུ་སོང་ཞིག་ཅེས་གསུངས་པ་དང་། ༧ ཁོ་ལངས་ནས་ཁྱིམ་དུ་སོང་ངོ་། ༨ མི་ཚོགས་ཀྱིས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། མི་ལ་འདི་ལྟ་བུའི་དབང་གནང་བའི་དཀོན་མཆོག་ལ་བསྟོད་བསྔགས་སོ༎༩ ཡེ་ཤུ་དེ་ནས་ཕེབས་ནས། མད་ཐཱ་ཟེར་བ་ཞིག་ཤོ་གམ་ལེན་ས་རུ་བསྡད་ཡོད་པ་གཟིགས་ནས་དེ་ལ། ངའི་རྗེས་སུ་འབྲོང་ཞིག་གསུངས་པ་དང་། ཁོ་ལངས་ནས་རྗེས་སུ་འབྲངས་སོ༎
༡༠ དེ་ནས་ཁོའི་ཁང་པར་གསོལ་བ་བཞེས་པའི་ཚེ། ཤོ་གམ་པ་དང་སྡིག་ཅན་མང་པོ་འོངས་ནས། ཡེ་ཤུ་དང་ཉེ་གནས་རྣམས་དང་མཉམ་དུ་ཁ་ཟས་ཟོས་སོ། ༡༡ ཕ་རུ་ཤི་པས་དེ་མཐོང་ནས་ཉེ་གནས་རྣམས་ལ། ཁྱོད་ཚོའི་སྟོན་པས་ཤོ་གམ་པ་དང་སྡིག་ཅན་མཉམ་དུ་གསོལ་བ་ཅི་ལ་བཞེས་ཟེར་བ་གསན་ནས། ༡༢ དེ་དག་ལ་ཁོང་གིས། ནད་མེད་ལ་ཨམ་ཆི་མི་དགོས་ཀྱི། ནད་པར་དགོས་སོ། ༡༣ སོང་ལ། ང་ནི་མཆོད་པར་མི་དགའ་སྙིང་རྗེར་དགའ་ཞེས་གསུངས་པའི་དོན་ཅི་ཡིན་སློབས་ཤིག ང་ནི་དྲང་པོ་རྣམས་འབོད་དུ་མ་འོངས་ཀྱི། སྡིག་ཅན་རྣམས་འབོད་དུ་འོངས་པ་ཡིན་གསུངས་སོ༎
༡༤ དེའི་ཚེ་ཡོ་ཧ་ནན་གྱི་སློབ་མ་རྣམས་སྐུ་དྲུང་དུ་བཅར་ནས་ཁོང་ལ། ང་ཚོ་དང་ཕ་རུ་ཤི་པ་རྣམས་ཀྱིས་སྨྱུང་གནས་སྲུང་ཡང་། ཁྱེད་ཀྱི་ཉེ་གནས་རྣམས་ཀྱིས་མི་སྲུང་བ་དེ་ཅི་ལགས་ཞུས་པ་དང་། ༡༥ ཡེ་ཤུས་གསུངས་པ། མག་པ་དང་མཉམ་དུ་ཡོད་རིང་གྲོགས་པོ་རྣམས་ཀྱིས་མྱ་ངན་བྱེད་དམ། འོན་ཀྱང་དེ་རྣམས་ལས་མག་པ་འཕྲལ་བའི་དུས་སུ་སྨྱུང་གནས་སྲུང་བར་འགྱུར། ༡༦ སུས་ཀྱང་གོས་རྙིང་པར་ལྷན་པ་གསར་པ་མི་འདེབས། འདེབས་ན་ལྷན་པ་དེས་གོས་ཧྲལ་ཏེ་བུག་པ་ཆེ་བར་བྱེད་དོ། ༡༧ རྒུན་ཆང་གསར་པ་རྐྱལ་པ་རྙིང་པའི་ནང་དུ་མི་བླུག བླུག་ན་རྐྱལ་པ་གས་ཏེ། རྒུན་ཆང་འབོ། རྐྱལ་པའང་བརླག་གོ། འོན་ཀྱང་རྒུན་ཆང་གསར་པ་རྐྱལ་པ་གསར་པའི་ནང་དུ་བླུགས་པས། གཉིས་ཀ་བརྟན་པོར་ལུས།
༡༨ དེ་སྐད་གསུང་བའི་ཚེ། དཔོན་པོ་ཞིག་འོངས་ནས་ཕྱག་བཙལ་ཏེ། ངའི་བུ་མོ་ད་ལྟ་རང་ཤི། འོན་ཀྱང་ཁྱེད་ཕེབས་ནས་དེའི་མགོ་ལ་ཕྱག་ཞོག་མཛོད་དང་། གསོན་པར་གྱུར་ཞེས་ཞུས་པ་དང་། ༡༩ ཡེ་ཤུ་བཞེངས་ནས་ཉེ་གནས་རྣམས་དང་བཅས་ཁོ་མཉམ་དུ་ཕེབས་སོ། ༢༠-༢༡ ཁྲག་འཛག་ཅིང་ལོ་བཅུ་གཉིས་སོང་བའི་བུད་མེད་ཅིག་གིས། ངས་ཁོང་གི་ན་བཟའ་ཙམ་ལ་རེག་ན་ཕན་འོང་ཞེས་སེམས་པས། སྐུ་རྒྱབ་ལ་འོངས་ནས་ན་བཟའི་སྣེ་མོ་ལ་རེག་གོ། ༢༢ ཡེ་ཤུས་སྐུ་བསྒྱུར་ནས་གཟིགས་ཏེ། བུ་མོ། སེམས་ལྷོད་དེར་སྡོད། ཁྱོད་ཀྱི་དད་པས་ནད་ལས་ཐར་བ་ཡིན་གསུངས་པས། དུས་ཚོད་དེ་རང་ལ་བུད་མེད་དེ་ཐར་རོ། ༢༣ དེ་ནས་དཔོན་པོ་དེའི་ཁང་པར་ཕེབས་པ་དང་། གླིང་བུ་གཏོང་མཁན་དང་མི་མང་པོ་ཅ་ཅོ་བྱེད་པ་གཟིགས་ནས། ༢༤ ཕར་སོང་། བུ་མོ་ནི་མ་ཤི་བར་ཉལ་ལོ་གསུངས་པ་དང་། དེ་དག་གིས་ཁྲེལ་དགོད་བཏང་ཡང་། ༢༥ བཏོན་ནས་ནང་དུ་ཕེབས་ཏེ་བུ་མོའི་ལག་པ་བཟུང་བ་དང་མོ་ལངས་སོ། ༢༦ དེའི་སྙན་གྲགས་ཡུལ་དེ་ཐམས་ཅད་ནང་ཁྱབ་བོ༎
༢༧ ཡེ་ཤུ་དེ་ནས་ཕེབས་པའི་ཚེ། ལོང་བ་གཉིས་ཀྱིས་དཱ་བིད་ཀྱི་སྲས་ལགས། ངེད་ལ་སྙིང་རྗེ་མཛོད་ཅིག ཅེས་འབོད་ཀྱིན་རྗེས་སུ་འབྲངས་སོ། ༢༨ ཁོང་ཁང་པར་བྱོན་པ་དང་། ལོང་བ་དེ་གཉིས་བཅར་ཏོ། ཡེ་ཤུས། ངས་འདི་ལྟར་བྱེད་ནུས་པ་ལ་ཡིད་ཆེས་སམ་གསུངས། དེས་ཇོ་བོ། ཡིད་ཆེས་ལགས་ཞུས། ༢༩ དེ་དག་གི་མིག་ལ་ཕྱག་རེག་སྟེ། ཁྱེད་ཀྱི་ཡིད་ཆེས་བཞིན་དུ་གྱུར་ཅིག་གསུངས་པ་དང་། ༣༠ དེ་དག་གི་མིག་བྱེའོ། ཡེ་ཤུས་སུ་ལའང་མ་འཆད་ཅེས་ནན་གྱིས་གསུངས་ཀྱང་། ༣༡ དེ་དག་ཕྱི་རོལ་དུ་ཐོན་ནས། ཡུལ་དེ་ཐམས་ཅད་ནང་ཁོང་གི་སྙན་གྲགས་ཁྱབ་ཏུ་བཅུག་གོ།
༣༢ དེ་དག་ཐོན་པ་དང་། འགོང་ཞུགས་ལྐུགས་པ་ཞིག་སྐུ་དྲུང་དུ་འཁྲིད་ནས། ༣༣ འགོང་པོ་དེ་ཕྱིར་བསྐྲད་པ་དང་། ལྐུག་པས་གཏམ་ལབ་པས། མི་ཚོགས་ངོ་མཚར་དུ་གྱུར་ཏེ། ཨིས་ར་ཨེལ་གྱི་ནང་ན་འདི་འདྲ་ནམ་ཡང་མ་མཐོང་ཟེར་ཡང་། ༣༤ ཕ་རུ་ཤི་པ་རྣམས་ཀྱིས། འདིས་འགོང་པོའི་གཙོ་བོའི་སྒོ་ནས་འགོང་པོ་ཕྱིར་སྐྲོད་དོ་སྨྲས་སོ༎
༣༥ ཡེ་ཤུ་གྲོང་ཁྱེར་དང་ཡུལ་ཚོ་ཐམས་ཅད་ལ་རྒྱུ་ཞིང་། དེ་དག་གི་འདུ་ཁང་ནང་ཆོས་བསྟན། རྒྱལ་སྲིད་ཀྱི་ཕྲིན་བཟང་བཤད། ནད་དང་རྒུད་པ་ཐམས་ཅད་གསོ་བར་མཛད་དོ། ༣༦ མི་ཚོགས་ནི་ལུག་རྫི་མེད་པའི་ལུག་ལྟར་སྡུག་ཅིང་འཐོར་ནས་ཡོད་པ་གཟིགས་ཏེ་སྙིང་རྗེ་འཁྲུངས་ནས། ༣༧ ཉེ་གནས་རྣམས་ལ། སྟོན་ཐོག་མང་ཡང་། ལས་མི་ཉུང་། ༣༨ སྟོན་ཐོག་གི་བདག་པོ་ལ། ཉིད་ཀྱི་སྟོན་ཐོག་བསྡུ་མཁན་གནང་བའི་ཕྱིར་གསོལ་བ་ཐོབ་གསུངས་སོ༎