༡༠
ཁོང་གིས་ཉེ་གནས་བཅུ་གཉིས་པོ་བོས་ནས། འགོང་པོ་སྐྲོད་པ་དང་། ནད་རིགས་དང་ཟུག་ཐམས་ཅད་སེལ་བའི་དབང་བསྐུར་ཏོ། ༢ སྐུ་ཚབ་བཅུ་གཉིས་ཀྱི་མཚན་ནི་འདི་ལྟ་སྟེ། དང་པོ་པེ་ཏྲོ་བྱ་བའི་ཤི་མོན་དང་། དེའི་ནུ་བོ་ཨན་དྲེ་ཨ། ཟེ་བད་ཡཱའི་བུ་ཡ་ཀོབ་དང་། དེའི་ནུ་བོ་ཡོ་ཧ་ནན། ༣ ཕི་ལིབ་དང་། བར་ཐོལ་མཱ་དང་། ཐོ་མཱ་དང་། ཤོ་གམ་པ་མད་ཐཱ། ཨལ་ཕཱའི་བུ་ཡ་ཀོབ་དང་། ཐད་དཱ། ༤ བརྩོན་འགྲུས་པ་བྱ་བའི་ཤི་མོན་དང་། ཁོང་བཟུང་དུ་བཅུག་པའི་ཀར་ཡོད་པ་ཡུ་དཱའོ༎༥ ཡེ་ཤུས་བཅུ་གཉིས་པོ་མངག་ཅིང་བཀའ་སྩལ་ཏེ་འདི་སྐད་དུ། ཕྱི་པའི་ཕྱོགས་ལ་མ་འགྲོ། ས་མར་ཡཱ་པའི་*གྲོང་ཁྱེར་དུ་མ་ཞུགས་པར། ༦ ཨིས་ར་ཨེལ་གྱི་ཁྱིམ་གྱི་ལུག་སྟོར་བ་རྣམས་ཀྱི་རྩར་སོང་། ༧ ནམ་མཁའི་རྒྱལ་སྲིད་ཉེ་བར་བསླེབས་སོ། ཞེས་འཆད་ཅིང་འགྲུལ་ཞིག ༨ ནད་པ་གསོས། གཤིན་པོ་སློང་། མཛེ་ཅན་དག་པར་བྱོས། འགོང་པོ་སྐྲོད། ཡོན་མ་ཕུལ་བར་ཐོབ་པས། ཡོན་མ་ལེན་པར་ཐོང་། ༩ ལས་བྱེད་ལ་ཁ་ཟས་ཐོབ་འོས་པས། སྐ་རགས་ཀྱི་ནང་དུ་གསེར་དངུལ་ཟངས་མ་ཁུར། ༡༠ ལམ་གྱི་ཕྱིར་སྒྱེ་ཁུག་གམ། གོས་གཉིས་སམ། ཀྲད་པའམ། བེར་ཀ་མ་ཁུར། ༡༡ གྲོང་ཁྱེར་རམ་ཡུལ་ཚོ་གང་དུ་བསླེབ་ཀྱང་། སུ་འོས་རྩད་བཅད་ནས། འགྲོ་བའི་བར་དུ་དེར་སྡོད་ཅིག ༡༢ ཁང་པ་དེའི་ནང་འཇུག་དུས་སུ་ཞི་བདེར་གྱུར་ཅིག་ཅེས་སྨྲོས་ཤིག ༡༣ ཁང་པ་དེ་འོས་པ་ཡིན་ན། ཁྱོད་ཚོའི་ཞི་བདེ་དེ་ལ་འབབ་པར་འགྱུར། འོས་པ་མིན་ན་ཁྱོད་ཚོའི་ཞི་བདེ་ཁྱོད་ཅག་ལ་ལོག་པར་འགྱུར། ༡༤ ཁྱེད་ལ་མི་བསུ་ཞིང་གཏམ་ལ་མི་ཉན་པ་དེའི་ཁང་པའམ་གྲོང་ཁྱེར་ནས་འཐོན་དུས་སུ། རང་གི་རྐང་པ་ལས་རྡུལ་སྤྲུགས་ཤིག ༡༥ ཞལ་ཆེའི་ཞག་ལ། གྲོང་ཁྱེར་དེ་བས་སོ་དོམ་དང་གོ་མོ་རཱ་ལ་བཟོད་པ་ལྷག་པར་བྱ་བར་འགྱུར།
༡༦ སྤྱང་ཀིའི་གསེབ་ཏུ་ལུག་གཏོང་བ་ལྟར། ངས་ཁྱོད་ཚོ་གཏོང་བས། སྦྲུལ་ལྟར་གཅང་པོ་དང་ཕུག་རོན་ལྟར་གནོད་མེད་དུ་གྱུར་ཅིག ༡༧ ཁྱོད་ཚོ་ཁྲིམས་རར་གཏད་ཅིང་། འདུ་ཁང་ནང་རྟ་ལྕག་གིས་རྡུང་འོང་བའི་མི་ལས་ཟོན་བྱོས་ཤིག ༡༨ སྤྱི་ཁྱབ་དང་རྒྱལ་པོ་དང་མི་བརྒྱུད་གཞན་རྣམས་ལ་དཔང་པོ་བྱེད་པའི་ཕྱིར་ཁྱེད་ངའི་དོན་དུ་དེ་དག་གི་མདུན་དུ་འཁྲིད་པར་འགྱུར། ༡༩ དེ་རྣམས་ཀྱིས་ཁྱེད་གཏད་པའི་ཚེ། ཇི་ལྟར་རམ་ཅི་ཟེར་བར་བྱ་བསམ་ནས་སེམས་མ་ཚེར་ཞིག ༢༠ ཅིའི་ཕྱིར་ཞེ་ན། སྨྲ་མཁན་ཁྱེད་མིན་ཏེ། ཁྱེད་ཀྱི་ནང་དུ་གསུང་བའི་ཡབ་ཀྱི་ཐུགས་ཉིད་དེ་ཡིན་པས། ཇི་ཟེར་དགོས་པ་དུས་ཚོད་དེ་རང་ལ་ཁྱེད་ལ་གནང་བར་འགྱུར་རོ། ༢༡ སྤུན་གྱིས་སྤུན་དང་། ཕས་བུ་གསོད་པའི་ཕྱིར་གཏད་འོང་། ཕྲུ་གུ་ཕ་མ་ལ་དགྲར་ལངས་ནས། ཕ་མ་གསད་འོང་། ༢༢ ངའི་མཚན་གྱི་ཕྱིར་མི་ཐམས་ཅད་ཀྱིས་ཁྱེད་ལ་འཁོན་འཁུར་ཡང་། མཐའ་མའི་བར་ཐུག་སྲན་ཐུབ་པ་དེ་ཐར་བར་འགྱུར། ༢༣ གྲོང་ཁྱེར་གཅིག་ནང་ཁྱེད་ལ་དེ་རྣམས་ཀྱིས་འཚེ་བའི་ཚེ། གྲོང་ཁྱེར་གཞན་ལ་བྲོས་ཤིག ཁྱེད་ཨིས་ར་ཨེལ་གྱི་གྲོང་ཁྱེར་ཐམས་ཅད་འཁོར་མ་ཟིན་པའི་སྔོན་དུ་མིའི་བུ་འབྱོན་པར་འགྱུར་ཞེས་ངས་བདེན་པར་ཟེར་རོ༎
༢༤ སློབ་དཔོན་ལས་སློབ་མ་མི་ཆེ། དཔོན་པོ་ལས་གཡོག་པོ་མི་ཆེ། ༢༥ སློབ་མ་ནི་སློབ་དཔོན་དང་། གཡོག་པོ་ནི་དཔོན་པོ་དང་འདྲ་བར་འགྱུར་བས་ཆོག ཁྱིམ་བདག་ལ་བ་ཨཱལ་ཟེ་བུལ་ཟེར་ན། ནང་མི་རྣམས་ལ་ལྷག་པར་མི་ཟེར་རམ། ༢༦ དེ་བས་ན་དེ་ཚོར་མ་འཇིགས་ཤིག མངོན་པར་མི་འགྱུར་བ་ཅིའང་སྦས་མེད། ཤེས་པར་མི་འགྱུར་བ་ཅིའང་ཡིབ་མེད། ༢༧ ངས་ཁྱོད་ཅག་ལ་མུན་པའི་ནང་ཇི་སྨྲ་བ་དེ། འོད་ཀྱི་ནང་དུ་སྨྲོས་ཤིག ཤུབ་བུར་ཐོས་པ་དེ། ཁང་པའི་ཐོག་ནས་ཤོད་ཅིག ༢༨ ལུས་གསོད་ཀྱང་སེམས་གསོད་མི་ཐུབ་པ་ལ་མ་འཇིགས་ཤིག ལུས་སེམས་གཉིས་པོ་དམྱལ་བའི་ནང་ཚར་བཅད་ནུས་པ་ཁོང་ལ་འཇིགས་ཤིག ༢༩ བྱིའུ་གཉིས་དོང་ཙེ་གཅིག་ལ་མི་བྲིན་ནམ། ཁྱེད་ཀྱི་ཡབ་ཀྱིས་མི་མཁྱེན་པར་དེ་དག་ལས་གཅིག་ཀྱང་ས་ལ་མི་ལྟུང་། ༣༠ ཁྱེད་ཀྱི་མགོའི་སྐྲ་ཉག་རེ་རེ་བཞིན་བརྩིས་ཡོད་པས། ༣༡ མ་འཇིགས་ཤིག བྱིའུ་མང་པོ་ལས་ཁྱོད་རིན་ཐང་ཆེའོ། ༣༢ མིའི་མདུན་དུ་ང་ཁས་བླང་བ་དེ་ནམ་མཁའི་ཡབ་ཀྱི་དྲུང་དུ་ངས་ཀྱང་ཁས་བླང་ངོ་། ༣༣ མིའི་མདུན་དུ་ང་ཁས་མི་བླང་བ་དེ་ནམ་མཁའི་ཡབ་ཀྱི་དྲུང་དུ་ངས་ཁས་མི་བླང་ངོ་༎
༣༤ ང་ནི་ས་ལ་དུས་བདེ་སྐྱེལ་དུ་འོངས་མ་སེམས་ཤིག དུས་བདེ་སྐྱེལ་དུ་མ་འོངས་ཀྱིས། རལ་གྲི་སྐྱེལ་དུ་འོངས། ༣༥ ང་ནི་བུ་དང་ཕ། བུ་མོ་དང་མ། མནའ་མ་དང་སྒྱུག་མོ་འཕྲལ་བའི་ཕྱིར་འོངས། ༣༦ མི་ལ་རང་གི་ཁྱིམ་ཚང་གིས་དགྲ་བྱེད་འོང་། ༣༧ ང་ལས་ཕའམ་མ་ལ་ལྷག་པར་བརྩེ་བ་དེ་ང་ལ་མི་འོས། ང་ལས་བུ་འམ་བུ་མོ་ལ་ལྷག་པར་བརྩེ་བ་དེ་ང་ལ་མི་འོས། ༣༨ རང་གི་རྐྱང་ཤིང་འཁུར་ཏེ་ངའི་རྗེས་སུ་མི་འབྲང་བ་དེ་ང་ལ་མི་འོས། ༣༩ རང་སྲོག་སྐྱོབ་མཁན་དེས་བརླག་པར་འགྱུར། ངའི་དོན་དུ་རང་སྲོག་བརླག་མཁན་དེས་རྙེད་པར་འགྱུར། ༤༠ ཁྱེད་བསྙེན་པ་དེས་ང་བསྙེན། ང་བསྙེན་པ་དེས་ང་མངགས་མཁན་བསྙེན་ནོ། ༤༡ ལུང་སྟོན་པ་ཞིག་ལུང་སྟོན་པར་བརྩིས་ནས་བསྙེན་པ་ལ། ཚུལ་ཁྲིམས་པའི་བྱ་དགའ་ཐོབ་འོང་། ༤༢ ཆུང་ངུ་འདི་དག་གི་ནང་ནས་གཅིག་ལ་ཉེ་གནས་སུ་ཤེས་ནས། ཆུ་གྲང་མོ་ཕོར་པ་གང་སྟེར་བ་དེའི་བྱ་དགའ་ཅི་ནས་ཀྱང་སྟོར་བར་མི་འགྱུར་ངས་བདེན་པར་ཟེར་ཞེས་གསུངས་སོ༎