༡༡
ཡེ་ཤུས་ཉེ་གནས་བཅུ་གཉིས་པོ་ལ་ཞལ་གདམས་གནང་ཟིན་ནས། གྲོང་ཁྱེར་རྣམས་ནང་ཆོས་སྟོན་པ་དང་འཆད་པའི་ཕྱིར་དེ་ནས་གཤེགས་སོ༎
 མཱ་ཤི་ཀའི་མཛད་རྒྱ་རྣམས་ཡོ་ཧ་ནན་གྱིས་བཙོན་ཁང་དུ་ཐོས་ནས།  རང་གི་ཉེ་གནས་བཏང་ནས། འབྱོན་པར་འགྱུར་བ་དེ་ཁྱེད་ལགས་སམ། གཞན་ཞིག་ལ་སྒུག་པར་བྱ། ཞེས་ཞུས་པས།  ཡེ་ཤུས་བཀའ་ལན་དུ། སོང་ལ། ཁྱེད་ཀྱིས་ཇི་ཐོས་པ་དང་མཐོང་བ།  ལོང་བས་མཐོང་བ། ཞ་བོ་འགྲུལ་བ། མཛེ་ཅན་དག་པ། འོན་པས་ཐོས་པ། ཤི་མཁན་ལང་བ། དབུལ་པོས་ཕྲིན་བཟང་ཐོས་པ་རྣམས་ཡོ་ཧ་ནན་ལ་ཤོད་ཅིག  ང་ལ་བལྟས་ཏེ་དད་པ་མི་ལོག་པ་རྣམས་བདེའོ་ཞེས་གསུངས་སོ༎
 དེ་རྣམས་སོང་བ་དང་ཡེ་ཤུས་མི་ཚོགས་ལ་ཡོ་ཧ་ནན་གྱི་སྐོར་ལ་གསུང་ཞིང་། ཁྱེད་ཐང་སྟོང་ནང་ཅི་ཞིག་ལ་ལྟ་རུ་སོང་། རླུང་གིས་སྒུལ་བའི་འདམ་བུ་ཞིག་ལ་ལྟ་རུ་སོང་ངམ།  འོ་ན་ཅི་ཞིག་ལ་ལྟ་རུ་སོང་། གོས་འཇམ་པོ་གོན་པ་ཞིག་ལ་ལྟ་རུ་སོང་ངམ། གོས་འཇམ་པོ་གོན་པ་ནི་རྒྱལ་པོའི་ཕོ་བྲང་ན་ཡོད།  འོ་ན་ཅི་ལ་སོང་། ལུང་སྟོན་པ་ཞིག་ལ་ལྟ་རུ་སོང་ངམ། ལུང་སྟོན་པ་ལས་ལྷག་པར་ཆེ་བ་ཞིག་ལྟ་རུ་སོང་བ་ཡིན་ནོ་ངས་ཟེར།
༡༠ ཁྱེད་ཀྱི་སྔོན་དུ་ང་ཡི་ཕོ་ཉ་གཏོང་༎
དེ་ཡིས་ཁྱེད་ཀྱི་སྔོན་དུ་ཕེབས་ལམ་བཟོ༎
ཞེས་བྲིས་ཡོད་པ་ཁོང་གི་སྐོར་དུ་ཡིན་ནོ། ༡༡ བུད་མེད་ལས་སྐྱེས་མཁན་ཐམས་ཅད་ཀྱི་ནང་ནས། ཁྲུས་གསོལ་མཁན་ཡོ་ཧ་ནན་ལས་ཆེ་བ་སུའང་མ་བྱུང་། འོན་ཀྱང་ནམ་མཁའི་རྒྱལ་སྲིད་ནང་ཆུང་ཤོས་དེ་ཡོ་ཧ་ནན་ལས་ཆེའོ་ངས་བདེན་པར་ཟེར། ༡༢ ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་དུས་ནས་ད་ལྟའི་བར་དུ་ནམ་མཁའི་རྒྱལ་སྲིད་ལ་ཐམས་ཅད་རུབ་ཅིང་འཕྲོག་པར་བྱེད་དོ། ༡༣ ཡོ་ཧ་ནན་གྱི་བར་དུ། བཀའ་ཁྲིམས་དང་ལུང་སྟོན་པ་ཐམས་ཅད་ཀྱིས་ལུང་བསྟན་པ་ཡིན། ༡༤ གོ་བར་འདོད་ན། འབྱུང་བར་འགྱུར་བའི་ཨེ་ལི་ཡཱ་འདི་ཀ་ཡིན་ནོ། ༡༥ རྣ་བ་ཡོད་པ་དེས་ཉོན་ཞིག ༡༦ མི་རབས་འདི་སུ་དང་སྡུར་བར་བྱ། ཁྲོམ་ལ་སྡོད་པའི་ཕྲུ་གུས་གྲོགས་པོ་ལ།
༡༧ ངེད་ཀྱིས་ཁྱེད་ཕྱིར་གླིང་བུ་ཕུས་ཀྱང་གར་མ་རྩེད༎
ངེད་ཀྱིས་མྱ་ངན་བྱས་ཀྱང་ཁྱེད་ཀྱིས་བྲང་མ་བརྡུངས༎
ཞེས་ཟེར་བ་དང་འདྲའོ། ༡༨ ཡོ་ཧ་ནན་མི་ཟ་མི་འཐུང་ཞིང་བྱུང་བས། དེ་རྣམས་ཀྱིས་འདྲེ་ཞུགས་ཟེར་རོ། ༡༩ མིའི་བུ་ཟ་ཞིང་འཐུང་ཞིང་བྱུང་བས། དེ་རྣམས་ཀྱིས་ཟས་བརྣབ་ཅན་དང་། ཆང་འཐུང་དང་། ཤོ་གམ་པ་དང་སྡིག་ཅན་གྱི་གྲོགས་པོ་ལ་ལྟོས་ཟེར་རོ། འོན་ཀྱང་དཀོན་མཆོག་གི་ཡེ་ཤེས་ནི་དེའི་འབྲས་བུའི་སྒོ་ནས་བདེན་པ་ཡིན་པར་མངོན་ནོ། ཞེས་གསུངས་སོ༎
༢༠ ལྟས་མང་རབ་མངོན་ནའང་སེམས་མ་བསྒྱུར་བའི་གྲོང་ཁྱེར་དག་ལ་བཀའ་བཀྱོན་ཞིང་ཁོང་གིས། ༢༡ ཀོ་རཱ་ཟིན་ཁྱོད། སྙིང་རེ་རྗེ། བེད་ཙ་ཡི་དཱ་ཁྱོད། སྙིང་རེ་རྗེ། ཁྱོད་གཉིས་ནང་བསྟན་པའི་ལྟས་རྣམས་ཚོར་དང་ཚི་དོན་ནང་བསྟན་པ་ཡིན་ན། དེ་དག་གིས་རྩྭ་ཕད་གོན་ཏེ། གོག་ཐལ་ནང་བསྡད་དེ་ཡུན་རིང་ནས་སེམས་བསྒྱུར་པ་ཡིན། ༢༢ ཞལ་ཆེའི་ཉིན་མོར་ཁྱོད་ཅག་ལས། ཚོར་དང་ཚི་དོན་ལ་བཟོད་པ་ལྷག་པར་བཞེས་པར་འགྱུར་ངས་ཟེར་རོ། ༢༣ ཀ་ཕར་ནཱ་ཧུམ་ཁྱོད་ནམ་མཁའ་ཐུག་མ་བཏེགས་སམ། ཁྱོད་དམྱལ་བ་ཐུག་འབེབས་པར་འགྱུར། ཁྱོད་ནང་བསྟན་པའི་ལྟས་རྣམས་སོ་དོམ་ནང་བསྟན་པ་ཡིན་ན་དེ་རིང་གི་བར་དུ་ས་ཆ་དེ་ལུས་པ་ཡིན། ༢༤ ཞལ་ཆེའི་ཞག་ལ་ཁྱོད་ལས་སོ་དོམ་ལ་བཟོད་པ་ལྷག་པར་བཞེས་པར་འགྱུར་ངས་ཟེར་གསུངས་སོ༎
༢༥-༢༦ དེའི་ཚེ་ཡེ་ཤུས། ཀྱེ་ཡབ། གནམ་ས་གཉིས་ཀྱི་གཙོ་བོ། ཁྱེད་ཐུགས་དགྱེས་པ་བཞིན་དུ། ཁྱེད་ཀྱིས་འདི་མཁས་པ་དང་བློ་གྲོས་ཅན་ལ་སྦས་ཏེ་བྱིས་པ་ལ་མངོན་པར་མཛད་པས། ངས་ཁྱེད་ལ་བསྟོད་དོ། ༢༧ ངའི་ཡབ་ཀྱིས་ཐམས་ཅད་ང་ལ་བཏད་པ་ཡིན། ཡབ་ཀྱིས་མ་གཏོགས་པར་གཞན་སུས་ཀྱང་སྲས་མི་ཤེས། སྲས་དང་སྲས་ཀྱིས་སྟོན་པར་དགྱེས་པ་རྣམས་ཀྱིས་མ་གཏོགས་པར། གཞན་སུས་ཀྱང་ཡབ་མི་ཤེས་སོ། ༢༨ ཁྱེད་ངལ་བ་དང་ཁུར་གྱིས་མནན་པ་ཐམས་ཅད་ངའི་རྩར་ཤོག ངས་ངལ་གསོ་སྟེར་བར་བྱའོ། ༢༩ ང་ནི་སྙེམས་ཆུང་དང་དམན་སེམས་ལྡན་པས། ངའི་གཉའ་ཤིང་ཁུར། ང་ནས་སློབས་དང་ཁྱོད་ཀྱི་སེམས་ལ་ངལ་གསོ་ཐོབ་འོང་། ༣༠ ངའི་གཉའ་ཤིང་འཇམ་ཞིང་ངའི་ཁུར་ཡང་ངོ་ཞེས་གསུངས་སོ༎