༡༢
དེའི་ཚེ་ཡེ་ཤུ་ཤབ་བཱད་*ཀྱི་ཞག་ལ་ཞིང་ག་བརྒྱུད་དེ་ཕེབས་པ་ལས། ཉེ་གནས་རྣམས་ལྟོགས་ཏེ་སྲུས་འཐུས་ནས་ཟོས་སོ། ༢ ཕ་རུ་ཤི་པ་རེས་དེ་མཐོང་ནས་ཁོང་ལ། ཁྱེད་ཀྱི་ཉེ་གནས་ཀྱིས་ཤབ་བཱད་ཞག་བྱེད་མི་ཆོག་པའི་ལས་བྱེད་དོ་ཞུས་པ་དང་། ༣ ཁོང་གིས་དཱ་བིད་དང་འཁོར་རྣམས་ལྟོགས་དུས་སུ་ཅི་བྱས་པ་མ་བཀླགས་སམ། ༤ དཀོན་མཆོག་གི་ཕོ་བྲང་ནང་སོང་ནས། བླ་མས་མ་གཏོགས་པར་དེ་ཚོས་ཟ་མི་ཆོག་པའི་ཞལ་ཟས་ཅི་ལྟར་ཟོས། ༥ ཡང་ན་བླ་མས་ཤབ་བཱད་ཀྱི་ཞག་ལ། མཆོད་ཁང་གི་ནང་དུ། ཤབ་བཱད་མི་སྲུང་ནའང་ཁོང་ལ་སྐྱོན་མེད་དོ། ཞེས་བཀའ་ཁྲིམས་ཀྱི་མདོ་ནང་མ་བཀླགས་སམ། ༦ མཆོད་ཁང་ལས་ཆེ་བ་འདིར་ཡོད་ངས་ཟེར། ༧ ང་ནི་མཆོད་པར་མི་དགའ་སྙིང་རྗེར་དགའ་ཞེས་གསུངས་པའི་དོན་ཁྱོད་ཚོས་ཤེས་པ་ཡིན་ན། སྐྱོན་མེད་ལ་སྐྱོན་མ་བཀལ་བ་ཡིན། ༨ མིའི་བུ་ནི་ཤབ་བཱད་ཀྱི་གཙོ་བོ་ཡིན་པས་སོ༎༩ དེ་ནས་བཞེངས་ནས་དེ་ཚོའི་འདུ་ཁང་དུ་ཕེབས། ༡༠ དེར་ལག་པ་བསྐམས་པའི་མི་ཞིག་ཡོད་པ་ཡིན། ཁོང་ལ་སྙད་འདོགས་པའི་ཕྱིར། ཤབ་བཱད་ཀྱི་ཞག་ལ་ནད་སེལ་ཆོག་གམ། ཞེས་ཞུས་པ་དང་། ༡༡ ཁོང་གིས། ཤད་བད་ཀྱི་ཞག་ལ་ལུག་གཅིག་དོང་ནང་ལྷུང་ན། བཟུང་ནས་མི་འདོན་མཁན་ཁྱོད་ཚོའི་ནང་ན་སུ་ཡོད། ༡༢ ལུག་པས་མི་རིན་ཆེ་བས། ཤབ་བཱད་ཀྱི་ཞག་ལ་བཟང་པོ་བྱེད་ཆོག་གསུངས་ནས། ༡༣ མི་དེ་ལ་ལག་པ་རྐྱོངས་ཤིག་གསུངས། བརྐྱངས་པ་དང་ལག་པ་ཡ་གཅིག་དང་འདྲ་བར་ཐང་པོར་སོང་། ༡༤ ཕ་རུ་ཤི་པ་རྣམས་ཕྱི་རོལ་དུ་སོང་ནས། ཁོང་གསོད་པའི་ཕྱིར་གྲོས་བྱས་སོ༎
༡༥ ཡེ་ཤུས་མཁྱེན་ཏེ་དེ་ནས་ཕེབས། མི་མང་པོ་ཕྱི་བཞིན་འབྲངས་ནས། ཐམས་ཅད་གསོ་བར་མཛད་དེ། ༡༦ ངའི་གཏམ་ཁྱབ་པར་མ་ཆུག་ཅེས་ནན་ཏན་མཛད་དོ། ༡༧ ལུང་སྟོན་པ་ཡེ་ཤ་ཡཱས།
༡༨ ང་ཡིས་འདམས་པའི་ང་ཡི་ཞབས་ཕྱི་འདི༎
ངའི་སེམས་དགའ་བའི་གཅེས་པ་འདི་ལ་ལྟོས༎
ཁོང་གི་ཐོག་ཏུ་ང་ཡི་ཐུགས་ཉིད་གཞག།
ཁོང་གིས་མི་བརྒྱུད་རྣམས་ལ་ཞལ་ཆེ་བསྒྲག།
༡༩ ཁོང་གིས་མི་རྒོལ་ཀུ་སྒྲ་ཡང་མི་འདོན༎
སྲང་ནང་ཁོང་གི་གསུང་སྐད་ཀྱང་མི་ཐོས༎
དྲང་བའི་ཁྲིམས་དེ་རྒྱལ་བར་གཞུག་པའི་བར༎
༢༠ ཁོང་གིས་ཆག་པའི་འདམ་བུ་ཡང་མི་གཅག།
དུ་བ་འཐུལ་བའི་སྡོང་རས་ཀྱང་མི་གསད༎
༢༡ ཁོང་གི་མཚན་ལ་མི་བརྒྱུད་རེ་བར་འགྱུར༎
ཞེས་གསུངས་པ་འགྲུབ་པའི་ཕྱིར་རོ༎
༢༢ དེ་ནས་འགོང་ཞུགས་ལྐུགས་པ་ལོང་བ་ཞིག་སྐུ་དྲུང་དུ་འཁྱེར་འོངས་པ་དང་། ཡེ་ཤུས་དེ་གསོ་བར་མཛད་པས། དེས་སྨྲ་ཤེས་ཤིང་མིག་མཐོང་ངོ་། ༢༣ མི་ཚོགས་ངོ་མཚར་དུ་གྱུར་ཏེ། འདི་ནི་དཱ་བིད་ཀྱི་སྲས་མིན་ནམ་སྨྲས། ༢༤ ཕ་རུ་ཤི་པ་ཚོས་དེ་ཐོས་ནས། མི་འདིས་འགོང་པོའི་གཙོ་བོ་བ་ཨཱལ་ཟེ་བུལ་གྱི་སྒོ་ནས་འགོང་པོ་སྐྲོད་དོ་སྨྲས་སོ། ༢༥ དེ་ཚོའི་བསམ་པ་མཁྱེན་ནས་ཡེ་ཤུས། མི་མཐུན་པ་ཡོད་པའི་རྒྱལ་ཁམས་སྟོངས་ཤིང་། མི་མཐུན་པ་ཡོད་པའི་གྲོང་ཁྱེར་རམ་ཁང་པ་མི་གནས། ༢༦ བདུད་ཀྱིས་བདུད་སྐྲོད་ན། ནང་དུ་མི་མཐུན་པ་འབྱུང་བས། དེའི་སྲིད་ཅི་ལྟར་བརྟན། ༢༧ ངས་བ་ཨཱལ་ཟེ་བུལ་གྱི་སྒོ་ནས་འགོང་པོ་སྐྲོད་ན། ཁྱེད་ཀྱི་བུ་རྣམས་ཀྱིས་སུའི་སྒོ་ནས་སྐྲོད། དེའི་ཕྱིར་དེ་རྣམས་ཀྱིས་བདེན་རྫུན་དབྱེ་བར་འགྱུར་རོ། ༢༨ ཇི་སྟེ་དཀོན་མཆོག་གི་ཐུགས་ཉིད་ཀྱི་སྒོ་ནས་ངས་འགོང་པོ་སྐྲོད་ན། དཀོན་མཆོག་གི་རྒྱལ་སྲིད་ཁྱེད་ཀྱི་རྩར་བསླེབས་ཟིན་ཏོ། ༢༩ སྟོབས་ཆེན་ཞིག་སྔོན་ལ་བཅིངས་ན་མ་གཏོགས། དེའི་ཁང་པར་ཞུགས་ནས་དེའི་ཡོ་བྱད་ཇི་ལྟར་འཕྲོག་པར་ནུས། ༣༠ ང་དང་མཉམ་དུ་མེད་པ་དེ་ངའི་དགྲ་ཡིན། ང་དང་འགྲོགས་ནས་མི་བསྡུ་བ་དེས་གཏོར་རོ། ༣༡ དེའི་ཕྱིར་སྡིག་པ་དང་སྐུར་པ་ཐམས་ཅད་སེལ་བར་འགྱུར། ཡང་ཐུགས་ཉིད་ལ་སྐུར་པ་འདེབས་པ་དེ་སེལ་བར་མི་འགྱུར་ཞེས་ངས་ཟེར། ༣༢ མིའི་བུ་ལ་རྒོལ་བ་དེ་སེལ་བར་འགྱུར། དམ་པའི་ཐུགས་ཉིད་ལ་རྒོལ་བ་དེ་ཚེ་འདི་ཕྱི་གཉིས་ཀར་སེལ་བར་མི་འགྱུར་རོ༎
༣༣ འབྲས་བུ་ལས་ཤིང་སྡོང་གང་ཡིན་ཤེས་པས། ཤིང་སྡོང་དང་འབྲས་བུ་གཉིས་ཀ་བཟང་པོ་རྩིས། ཡང་ན་ཤིང་སྡོང་དང་འབྲས་བུ་གཉིས་ཀ་ངན་པ་རྩིས། ༣༤ དུག་སྦྲུལ་གྱི་རྒྱུད་ཁྱོད། སྙིང་ནང་གང་ཡོད་པ་དེ་ཁ་ནས་འཐོན་པས། ཁྱོད་ཅག་ངན་པ་ཡིན་བཞིན་དུ་བཟང་པོ་ཅི་ལྟར་སྨྲ་བར་ནུས། ༣༥ བཟང་པོས་མཛོད་བཟང་པོ་ནས་རྫས་བཟང་པོ་འདོན། ངན་པས་མཛོད་ངན་པ་ནས་རྫས་ངན་པ་འདོན་ནོ། ༣༦ ཞལ་ཆེའི་ཉིན་མོར་དེས་སྨྲས་པའི་ངག་ཀྱལ་རེ་རེའི་ཕྱིར་ལན་གཏབ་དགོས་སོ་ཞེས་ངས་ཟེར། ༣༧ ཁྱོད་ཀྱི་ངག་གིས་ཁྱོད་རྒྱལ་བར་འགྱུར། ཁྱོད་ཀྱི་ངག་གིས་ཁྱོད་ཕམ་པར་འགྱུར་གསུངས་སོ༎
༣༨ མཁན་པོ་དང་ཕ་རུ་ཤི་པ་རེས་ཁོང་ལ། སྟོན་པ་ལགས། ཁྱེད་ལས་ལྟས་ཤིག་མཐོང་བར་འདོད་དོ་ཞུས། ༣༩ བཀའ་ལན་དུ་མི་རབས་ངན་པ་གཡེམ་པོ་འདིས་ལྟས་འཚོལ་ཡང་། ལུང་སྟོན་པ་ཡོ་ནཱའི་ལྟས་མ་གཏོགས་པར་ལྟས་གཞན་གཏོང་བར་མི་བྱ། ༤༠ ཇི་ལྟར་ཡོ་ནཱ་ཉིན་གསུམ་དང་མཚན་གསུམ་ཆུ་སྲིན་གྱི་གྲོད་པའི་ནང་དུ་ལུས་པ་ཡིན། དེ་ལྟར་མིའི་བུའང་ཉིན་གསུམ་དང་མཚན་གསུམ་སའི་ཁོག་པའི་ནང་ལུས་པར་འགྱུར། ༤༡ ནི་ནི་ཝེ་པ་རྣམས་ཀྱིས་ཡོ་ནཱས་ཆོས་བཤད་པ་ལས་སེམས་བསྒྱུར་པས། ཞལ་ཆེའི་ཉིན་མོར་མི་རབས་འདི་དང་མཉམ་དུ་ལང་ཞིང་འདི་ལ་ཁྲིམས་གཏོང་བར་འགྱུར། ཡོ་ནཱ་བས་ཆེ་བ་ཞིག་འདིར་ལྟོས། ༤༢ ལྷོ་ཕྱོགས་ཀྱི་རྒྱལ་མོ་ཤ་ལོ་མོའི་ཤེས་རབ་ཀྱི་ཚིག་ཉན་དུ་ས་གཞིའི་མཐའ་མ་ནས་འོངས་པས། ཞལ་ཆེའི་ཉིན་མོར་མི་རབས་འདི་དང་མཉམ་དུ་ལང་ཞིང་འདི་ལ་ཁྲིམས་གཏོང་བར་འགྱུར། ཤ་ལོ་མོ་བས་ཆེ་བ་ཞིག་འདིར་ལྟོས།
༤༣ གདོན་མི་གཙང་བ་མིའི་ནང་ནས་ཐོན་པའི་ཚེ། སྐམ་ས་རྣམས་སུ་འཁོར་ཞིང་། བདེ་བ་འཚོལ་ཡང་མི་རྙེད། ༤༤ དེ་ནས་ཁོས་ང་ཐོན་འོངས་པའི་ཁང་པར་ལོག་འགྲོའོ་ཟེར་ཏེ་བསླེབས་པས། དེ་སྟོང་པ་དང་གཙང་བ་དང་བཀོད་པ་ལེགས་པར་མཐོང་། ༤༥ སོང་ནས་རང་ལས་ལྷག་པར་ངན་པའི་གདོན་གཞན་བདུན་ཁྲིད་ནས་དེའི་ནང་དུ་ཞུགས་ཏེ་གནས་པས། མི་དེའི་གནས་ཚུལ་སྔ་མ་བས་གདུག་ཏུ་འགྲོ། དེ་བཞིན་དུ་མི་རབས་ངན་པ་འདི་ལའང་འགྱུར་བར་འགྱུར་ཞེས་གསུངས་སོ༎
༤༦ དེ་ལྟར་མི་ཚོགས་ལ་གསུང་བཞིན་པའི་ཚེ། ཁོང་གི་ཡུམ་དང་སྐུ་མཆེད་ཁོང་དང་མཉམ་དུ་གླེང་བར་འདོད་ཅིང་ཕྱི་རོལ་ན་བཞེངས་ཡོད་པ་ལས། ༤༧ མི་ཞིག་གིས་ཁོང་ལ་ཁྱེད་ཀྱི་ཡུམ་དང་སྐུ་མཆེད་ཁྱེད་དང་གླེང་བར་འདོད་ཅིང་ཕྱི་རོལ་ན་བཞེངས་འདུག་ཞུས། ༤༨ དེ་ལ་བཀའ་ལན་དུ། ངའི་མ་སུ་ཡིན། ངའི་སྤུན་སུ་ཡིན་གསུངས་ནས། ༤༩ ཉིད་ཀྱི་ཉེ་གནས་རྣམས་ཀྱི་སྟེང་དུ་ཕྱག་བརྐྱང་སྟེ། ངའི་མ་དང་སྤུན་འདི་རྣམས་སོ། ༥༠ ངའི་ནམ་མཁའི་ཡབ་ཀྱི་ཐུགས་དགོངས་བསྒྲུབ་པ་དེ་ངའི་སྤུན་དང་སྲིང་མོ་དང་མ་ཡིན་ནོ་ཞེས་གསུངས་སོ༎