༡༣
དེའི་ཉིན་ཡེ་ཤུ་ཁྱིམ་ནས་ཕེབས་ཏེ་མཚོའི་འགྲམ་དུ་བཞུགས་སོ།  མི་ཚོགས་མང་པོ་སྐུ་དྲུང་དུ་འཛོམས་པས་ཁོང་གྲུའི་ནང་དུ་བཞུགས། མི་ཚོགས་མཚོའི་འགྲམ་དུ་ལངས་ནས་བསྡད་དོ།  དཔེའི་སྒོ་ནས་ཞལ་གདམས་མང་པོ་གསུངས་པ། ཞིང་པ་ཞིག་ཕྱིར་ཐོན་ཏེ།  ས་བོན་འདེབས་ཙ་ན། ཁ་ཅིག་ལམ་ཁར་འགྲིལ་ཏེ། བྱ་འོངས་ནས་ཟོས་སོ།  ཁ་ཅིག་ས་མང་པོ་མེད་པའི་རྡོ་གསེབ་ཏུ་འགྲིལ་ཏེ། ས་དཔངས་མེད་སྟབས་ཀྱིས་མགྱོགས་པར་སྐྱེས་ཀྱང་།  ཉི་མ་ཤར་བ་དང་ཚིག་སྟེ་རྩ་བ་མ་ཚུགས་པས་སྐམས་སོ།  ཁ་ཅིག་ཚེར་གསེབ་ཏུ་འགྲིལ་ཏེ། ཚེར་མ་སྐྱེས་ནས་མནན་ཏོ།  ཁ་ཅིག་ས་བཟང་པོའི་ནང་དུ་འགྲིལ་ཏེ། འབྲས་བུ་ཆགས་ཏེ། གཅིག་ལ་བརྒྱ་འགྱུར། གཅིག་ལ་དྲུག་ཅུ་འགྱུར། གཅིག་ལ་སུམ་ཅུ་འགྱུར་ཐོན་ཏོ།  རྣ་བ་ཡོད་པ་ཚོས་ཉོན་ཅིག་ཅེས་གསུངས་སོ༎
༡༠ ཉེ་གནས་རྣམས་བཅར་ནས། ཁྱེད་ཀྱིས་མི་ཚོགས་ལ་དཔེའི་སྒོ་ནས་ཅིའི་ཕྱིར་གསུངས། ༡༡ ཞུས་པའི་བཀའ་ལན་དུ། ནམ་མཁའི་རྒྱལ་སྲིད་ཀྱི་གསང་བ་རྟོགས་པ་ཁྱེད་ལ་གནང་ཡོད་ཀྱང་། དེ་རྣམས་ལ་མ་གནང་ངོ་། ༡༢ ཡོད་མཁན་ལ་གནང་ཞིང་མང་པོར་འགྱུར། མེད་མཁན་ལ་ཇི་ཡོད་པ་དེའང་འཁྱེར་བར་འགྱུར། ༡༣ དེ་རྣམས་ཀྱིས་མཐོང་ནས་མི་མཐོང་ཞིང་། ཐོས་ནས་མི་ཐོས་ཤིང་མི་གོ་བར་འདུག་པས། ངས་དཔེ་ཡི་སྒོ་ནས་སྨྲའོ། ༡༤ ཡེ་ཤ་ཡཱས།
མི་རྒྱུད་འདི་ཡིས་མི་མཐོང་ཕྱིར༎
རྣ་བར་ཐོས་པར་མི་འགྱུར་ཕྱིར༎
༡༥ མི་གོ་སེམས་ནི་མི་སྒྱུར་ཕྱིར༎
ངས་ཀྱང་དེའི་ནད་མི་སེལ་ཕྱིར༎
དེ་ཡི་བློ་གྲོས་མུན་པར་གྱུར༎
དེ་ཡི་རྣ་བ་ལྗིད་པོར་གྱུར༎
དེ་ཡི་མིག་ཀྱང་བཙུམ་ཡོད་དོ༎
དེ་ཕྱིར་ཐོས་ཀྱང་ཅང་མི་གོ།
མིག་གིས་བལྟ་ཡང་མི་མཐོང་ངོ་༎
ཞེས་ལུང་བསྟན་པ་དེ་ནང་དུ་གྲུབ་བོ༎
༡༦ ད་ཁྱེད་ཀྱི་མིག་བདེའོ། དེས་མཐོང་ངོ་། ཁྱེད་ཀྱི་རྣ་བ་བདེའོ། དེས་ཐོས་སོ། ༡༧ ཁྱེད་ཀྱིས་མཐོང་བ་དང་ཐོས་པ་དེ། ལུང་སྟོན་པ་དང་དྲང་པོ་མང་པོས་མཐོང་བར་འདོད་ཀྱང་མ་མཐོང་། ཐོས་པར་འདོད་ཀྱང་མ་ཐོས་ཞེས་ངས་བདེན་པར་ཟེར།
༡༨ ཞིང་པའི་དཔེ་ལ་ཉོན། ༡༩ རྒྱལ་སྲིད་ཀྱི་བཀའ་ཐོས་ཀྱང་མི་གོ་བ་ལ། ངན་པ་དེ་འོངས་ཏེ་སྙིང་ནང་སོན་བཏབ་ཡོད་པ་དེ་འཕྲོག་གོ། ལམ་ཁར་སོན་བཏབ་པ་ནི་དེ་ཡིན་ནོ། ༢༠ རྡོ་གསེབ་ཏུ་སོན་བཏབ་པ་འདི་ཡིན་ཏེ། སུ་ཞིག་གིས་བཀའ་ཐོས་མ་ཐག་ཏུ་སེམས་དགའ་ཞིང་བླང་ཡང་། ༢༡ རང་གི་ནང་ན་རྩ་བ་ཚུགས་མེད་ཅིང་། མི་བརྟན་པས། བཀའ་དེའི་དོན་དུ་སྡུག་བསྔལ་ལམ་གནོད་འཚེ་འབྱུང་མ་ཐག་ཏུ་དད་པ་ལོག་གོ། ༢༢ ཚེར་གསེབ་ཏུ་སོན་བཏབ་པ་འདི་ཡིན། སུ་ཞིག་གིས་བཀའ་ཐོས་ཀྱང་། འཇིག་རྟེན་གྱི་སེམས་ཁྲལ་དང་ནོར་གྱི་སླུ་འབྲིད་ཀྱིས་བཀའ་དེ་མནན་ཏེ། འབྲས་བུ་མི་ཆགས་སོ། ༢༣ ས་བཟང་པོའི་ནང་སོན་བཏབ་པ་འདི་ཡིན། སུ་ཞིག་གིས་བཀའ་ཐོས་ཤིང་གོ་ནས། འབྲས་བུ་ཆགས་ཏེ། གཅིག་ལ་བརྒྱ་འགྱུར། གཅིག་ལ་དྲུག་ཅུ་འགྱུར། གཅིག་ལ་སུམ་ཅུ་འགྱུར་འཐོན་ནོ་ཞེས་གསུངས་སོ༎
༢༤ དཔེ་གཞན་ཞིག་སྟོན་ཞིང་འདི་སྐད་དུ། ནམ་མཁའི་རྒྱལ་སྲིད་ནི། རང་གི་ཞིང་ལ་ས་བོན་བཟང་པོ་བཏབ་པའི་མི་དང་འདྲ་ཞིང་། ༢༥ ཉལ་ཡོད་པའི་ཚེ། དེའི་དགྲ་བོ་འོངས་ཏེ་གྲོའི་ཁྲོད་དུ་རྩྭ་ངན་བཏབ་ནས་སོང་། ༢༦ ལྗང་པ་སྐྱེས་ཏེ་འབྲུ་ཆགས་པ་དང་རྩྭ་ངན་མངོན། ༢༧ ཞིང་བདག་གི་གཡོག་པོ་རྣམས་འོངས་ནས། དཔོན་པོ་ལགས། ཁྱེད་ཀྱིས་ཉིད་ཀྱི་ཞིང་ལ་ས་བོན་བཟང་པོ་མ་བཏབ་བམ། རྩྭ་ངན་གང་ནས་བྱུང་སྨྲས་སོ། ༢༨ དེས་འདི་དགྲ་བོ་ཞིག་གིས་བྱས་པ་ཡིན་སྨྲས། གཡོག་པོས་ང་ཚོ་སོང་ནས་དེ་སྒྲུག་པ་ལ་དགྱེས་སམ་ཞུས་པའི་ལན་དུ། ༢༩ རྩྭ་ངན་དང་མཉམ་དུ་གྲོའང་དགོག་སྲིད་པས་མ་སྒྲུག ༣༠ བཙས་མའི་བར་དུ་གཉིས་པོ་མཉམ་དུ་སྐྱེར་ཆུག བཙས་མའི་དུས་སུ་རྔ་མཁན་ལ། སྔོན་ལ་རྩྭ་ངན་བསྒྲུགས་ཏེ་སྲེག་པའི་ཕྱིར་ཕོན་པོར་བྱོས། དེ་ནས་གྲོ་ངའི་བང་མཛོད་དུ་སྡུས་ཤིག་ཅེས་སྨྲ་བར་བྱའོ་ཞེས་གསུངས་སོ༎
༣༡ དཔེ་གཞན་ཞིག་སྟོན་ཞིང་འདི་སྐད་དུ། ནམ་མཁའི་རྒྱལ་སྲིད་ནི། ཞིང་ལ་བཏབ་པའི་ཡུངས་འབྲུ་ཞིག་དང་འདྲ་སྟེ། ༣༢ དེ་ས་བོན་ཐམས་ཅད་ལས་ཆུང་ཡང་། ཆེར་སྐྱེས་ནས་སྔོ་ཚོད་རྣམས་ལས་ཆེ་ཞིང་། སྡོང་པོར་འགྱུར་བས། གནམ་གྱི་བྱ་འོངས་ཏེ། དེའི་ཡལ་གའི་ནང་ཚང་བྱེད་དོ་ཞེས་གསུངས་སོ༎
༣༣ དཔེ་གཞན་ཞིག་སྟོན་ཞིང་། ནམ་མཁའི་རྒྱལ་སྲིད་ནི། སྐྱུར་རྩི་དང་འདྲ་སྟེ། བུད་མེད་ཅིག་གིས་འབོ་གསུམ་གྱི་བག་ཕྱེའི་ནང་བཅུག་པས། ཐམས་ཅད་ལ་སྐྱུར་ལང་ངོ་གསུངས་སོ༎
༣༤ ལུང་སྟོན་པས། དཔེ་རྣམས་སྟོན་དུ་ངས་ཁ་དབྱེ། ཐོག་མ་ནས་ཚུན་སྦས་པ་བསྟན། གསུངས་པ་འགྲུབ་ཕྱིར། ༣༥ ཡེ་ཤུས་མི་ཚོགས་ལ་དེ་ཐམས་ཅད་དཔེའི་སྒོ་ནས་གསུངས་ཏེ། དཔེ་མེད་པར་ཅིའང་མ་གསུངས་སོ༎
༣༦ ཡེ་ཤུས་མི་ཚོགས་རྣམས་འགྲོར་ཆུག་ནས། ཁྱིམ་དུ་ཕེབས་པ་དང་། ཉེ་གནས་རྣམས་བཅར་ནས་ཁོང་ལ། ཞིང་གི་རྩྭ་ངན་གྱི་དཔེ་ངེད་ལ་བཀྲལ་དུ་གསོལ་ཞུས། ༣༧ བཀའ་ལན་དུ། ས་བོན་བཟང་པོ་འདེབས་པ་པོ་མིའི་བུ་ཡིན། ༣༨ ཞིང་ནི་འཇིག་རྟེན་ཡིན། ས་བོན་བཟང་པོ་ནི་རྒྱལ་སྲིད་ཀྱི་བུ་རྣམས་ཡིན། རྩྭ་ངན་ནི་ངན་པའི་བུ་རྣམས་ཡིན། ༣༩ དེ་འདེབས་པའི་དགྲ་བོ་ནི་བདུད་ཡིན། བཙས་མ་ནི་དུས་ཀྱི་མཐའ་མ་ཡིན། རྔ་མཁན་ནི་ཕོ་ཉ་ཡིན། ༤༠ རྩྭ་ངན་བསྒྲུགས་ཏེ་མེར་སྲེག་པ་ལྟར། དུས་ཀྱི་མཐའ་མར་འབྱུང་བར་འགྱུར། ༤༡ མིའི་བུས་ཉིད་ཀྱི་ཕོ་ཉ་མངགས་ཏེ། དེས་ཁོང་གི་རྒྱལ་སྲིད་ནས་ལོག་ལྟ་ཅན་དང་སྡིག་སྤྱོད་ཐམས་ཅད་བསྡུས་ཏེ། ༤༢ ངུ་འབོད་དང་སོ་ཁྲིག་པ་འབྱུང་བའི་མེ་དོང་གི་ནང་དུ་དབྱུག་པར་བྱའོ། ༤༣ དེའི་དུས་སུ་དྲང་པོ་རྣམས་རང་གི་ཡབ་ཀྱི་རྒྱབ་སྲིད་ནང་ན་ཉི་མ་ལྟར་འཆར་འོང་། རྣ་བ་ཡོད་པ་དེས་ཉོན་ཅིག
༤༤ ནམ་མཁའི་རྒྱལ་སྲིད་ནི། ཞིང་གི་ནང་དུ་སྦས་ཡོད་པའི་གཏེར་དང་འདྲ་སྟེ། དེ་མི་ཞིག་ལ་ཐོབ་ནས་སྦས་ཏེ། དགའ་ཞིང་སོང་ནས། ཡོད་པ་ཐམས་ཅད་བཙོང་སྟེ། ཞིང་དེ་ཉོས་སོ༎
༤༥ ནམ་མཁའི་རྒྱལ་སྲིད་ནི། མུ་ཏིག་ལེགས་པ་འཚོལ་བའི་ཚོང་པ་དང་འདྲ་སྟེ། ༤༦ མུ་ཏིག་རིན་ཅན་གཅིག་མཐོང་བས། སོང་སྟེ། ཇི་ཡོད་པ་ཐམས་ཅད་བཙོང་ནས་དེ་ཉོས་སོ༎
༤༧ ནམ་མཁའི་རྒྱལ་སྲིད་ནི། རྒྱ་མཚོའི་ནང་དབྱུགས་པའི་ཉ་དོལ་དང་འདྲ་སྟེ། ཉ་རིགས་སྣ་ཚོགས་ཚུར་བསྡུས་ནས། ༤༨ གང་བ་དང་མཚོ་འགྲམ་དུ་ཐེན་ཏེ། བསྡད་ནས་ལེགས་པོ་རྣམས་སྣོད་ནང་དུ་བསྡུས་ཕན་མེད་རྣམས་དབྱུགས་སོ། ༤༩ དུས་ཀྱི་མཐའ་མར་དེ་ལྟར་འགྱུར་ཏེ། ཕོ་ཉ་འབྱོན་ནས་དྲང་པོའི་ཁྲོད་ནས་ངན་པ་ཕྱེས་ཏེ། ༥༠ ངུ་འབོད་དང་སོ་ཁྲིག་པ་འབྱུང་བའི་མེ་དོང་ནང་དབྱུག་པར་འགྱུར།
༥༡ དེ་ཐམས་ཅད་གོའམ་གསུངས་སོ། དེ་རྣམས་ཀྱིས་གོ་ལགས་ཞུས། ༥༢ དེའི་ཕྱིར་ནམ་མཁའི་རྒྱལ་སྲིད་ལས་སློབ་པའི་མཁན་པོ་ནི། རང་གི་གཏེར་མཛོད་ནས་ནོར་གསར་པ་དང་རྙིང་པ་འདོན་པའི་ཁྱིམ་བདག་དང་འདྲའོ་ཞེས་གསུངས་སོ༎
༥༣ ཡེ་ཤུས་དཔེ་བསྟན་ཟིན་པ་དང་བཞེངས་ཏེ། ༥༤ ཉིད་ཀྱི་ཡུལ་དུ་བྱོན་ནས་འདུ་ཁང་ནང་ཆོས་བསྟན་པས། དེ་རྣམས་ངོ་མཚར་དུ་གྱུར་ནས། མི་འདི་ལ་ཤེས་རབ་དང་མཐུ་སྟོབས་འདི་འདྲ་གང་ནས་བརྙེད། ༥༥ ཤིང་མཁན་གྱི་བུ་དེ་མ་ཡིན་ནམ། འདིའི་མ་ལ་མིར་ཡམ་དང་། ནུ་བོ་ལ་ཡ་ཀོབ་དང་ཡོ་སེབ་དང་ཤི་མོན་དང་ཡུ་དཱ་མི་ཟེར་རམ། ༥༦ འདིའི་སྲིང་མོ་ཀུན་ངེད་མཉམ་མེད་དམ། ཁོ་ལ་འདི་ཐམས་ཅད་གང་ནས་བརྙེད་ཟེར་ཞིང་། ༥༧ ཁོང་ཚོའི་མཚང་ལ་འཕོག་གོ། ཡེ་ཤུས་ལུང་སྟོན་པ་ལ་རང་ཡུལ་དང་རང་ཁྱིམ་ན་མ་གཏོགས་པར་གར་ཡང་རྩིས་མེད་མི་འབྱུང་ཞེས་གསུངས་སོ། ༥༨ དེ་རྣམས་ཀྱིས་དད་པ་མི་བྱེད་པས་དེར་ལྟས་མང་པོ་མ་མཛད་དོ༎