༡༤
དེའི་ཚེ་ལྗོངས་དཔོན་ཧེ་རོ་དཱེས་ཡེ་ཤུའི་སྙན་གྲགས་ཐོས་ནས།  འཁོར་གཡོག་རྣམས་ལ། འདི་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་ཡིན། གཤིན་པོའི་ཁྲོད་ནས་ལངས་པས། འདི་ལྟ་བུའི་ལྟས་སྟོན་ནོ་སྨྲས།  སྔར་ཧེ་རོ་དཱེས་ནུ་བོ་ཕི་ལིབ་ཀྱི་ཆུང་མ་ཧེ་རོད་ཡཱའི་རྐྱེན་གྱིས། ཡོ་ཧ་ནན་བཀྱིགས་ནས་བཙོན་དུ་བཅུག་པ་ཡིན།  ཅིའི་ཕྱིར་ཞེ་ན། ཡོ་ཧ་ནན་གྱིས་ཧེ་རོ་དཱེ་ལ། ཁྱེད་ཀྱིས་བུད་མེད་དེ་ལེན་མི་ཆོག་ཅེས་གསུངས།  ཁོས་ཁོང་གསོད་པར་འདོད་ཀྱང་། མི་བྱིངས་ཀྱིས་ཁོང་ལུང་སྟོན་པར་བརྩིས་པས་དེ་རྣམས་ལ་འཇིགས་སོ།  ཧེ་རོ་དཱེའི་སྐྱེ་ཞག་ལ། ཧེ་རོད་ཡཱའི་བུ་མོས་གར་རྩེད་ནས། ཧེ་རོ་དཱེ་དགའ་ནས།  མོས་ཅི་ཞུ་བ་སྟེར་བའི་མནའ་བསྐྱལ་ཏོ།  མོས་མའི་བསླབ་བྱ་བཞིན། ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་སྡེར་མའི་ཁར་འདིར་ང་ལ་གནོང་མཛོད་ཞུས།  ལྗོངས་དཔོན་ཚེར་ཡང་མགྲོན་པོ་ཡོད་པ་དང་། མནའ་བསྐྱལ་བས། ༡༠ བུ་མོ་ལ་དེ་ཐོང་ཟེར་ཞིང་། མི་བཏང་ནས་བཙོན་ཁང་ནང་ཡོ་ཧ་ནན་གྱི་དབུ་བཅད་དེ། ༡༡ སྡེར་མའི་ཁར་ཁྱེར་ནས་བུ་མོ་ལ་སྦྱིན་པས་དེས་མ་ལ་ཁྱེར་ཏོ། ༡༢ ཁོང་གི་ཉེ་གནས་རྣམས་འོངས་ནས་སྤུར་ཁྱེར་ཏེ་དུར་དུ་བཅུག་ནས་ཡེ་ཤུ་ལ་ཞུ་རུ་བཅར་ཏོ། ༡༣ ཡེ་ཤུས་དེ་གསན་ནས། གྲུའི་ནང་བཞུགས་ཏེ་དབེན་གནས་ཤིག་ཏུ་ཕེབས། མི་ཚོགས་ཀྱིས་དེ་ཐོས་ནས། གྲོང་ཁྱེར་དག་ནས་རྐང་ཐང་ལ་ཁོང་གི་རྗེས་སུ་སོང་ངོ་༎
༡༤ ཡེ་ཤུས་སྐམ་ས་ལ་ཕེབས་ནས་མི་ཚོགས་ཆེན་པོ་གཟིགས་ཏེ། སྙིང་རྗེ་འཁྲུངས་ནས་དེ་རྣམས་ཀྱི་ནད་པ་གསོ་བར་མཛད་དོ། ༡༥ ཉི་མ་ཡོལ་བས་ཉེ་གནས་རྣམས་འོངས་ནས། ས་ཆ་འདི་དབེན་ཞིང་དུས་ཀྱང་ཡོལ་བས། མི་ཚོགས་ལ་ཁ་ཟས་ཉོ་རུ་ཡུལ་ཚོར་འགྲོ་བར་གནོང་ཞིག་ཞུས། ༡༦ ཡེ་ཤུས་འགྲོ་མི་དགོས་དེ་རྣམས་ལ་ཁྱེད་རང་གིས་ཟ་རྒྱུ་སྟེར་ཞིག་གསུངས། ༡༧ འདིར་བག་ལེབ་ལྔ་དང་ཉ་གཉིས་ལས་ཅིའང་མེད་ཞུས། ༡༨ དེ་ངའི་རྩར་ཁུར་ཤོག་གསུངས། ༡༩ དེ་ནས་མི་ཚོགས་རྩྭའི་ཁར་སྡོད་པའི་བཀའ་སྩལ་ནས། བག་ལེབ་ལྔ་དང་ཉ་གཉིས་པོ་ཕྱག་ཏུ་བཞེས། ནམ་མཁར་གཟིགས་ཏེ་གསོལ་བ་བཏབ་ནས། བག་ལེབ་བཅག་སྟེ་ཉེ་གནས་ལ་གནང་། ཉེ་གནས་ཀྱིས་མི་ཚོགས་ལ་གནང་ངོ་། ༢༠ ཐམས་ཅད་ཀྱིས་ཟོས་ཏེ་ཚིམ་ནས་ལྷག་པའི་བྲུལ་བུ་ཙེ་པོ་གང་བ་བཅུ་གཉིས་བླངས་སོ། ༢༡ དེར་བུད་མེད་དང་བྱིས་པ་མ་ཐེ་བར་ཟ་མཁན་སྟོང་ལྔ་ཙམ་ཡོད་དོ༎
༢༢ མི་ཚོགས་ལ་དགོངས་པ་གནང་བའི་བར་དུ། ཉེ་གནས་རྣམས་ལ་འཕྲལ་དུ་གྲུར་ཞུགས་ནས་ཁོང་ལས་སྔོན་དུ་ཕ་རོལ་དུ་འགྲོ་ཕྱིར་ཨུ་ཚུགས་མཛད་དོ། ༢༣ མི་ཚོགས་ལ་དགོངས་པ་གནང་བའི་རྗེས་སུ་ཐུགས་དམ་ཕྱིར་གཅིག་པུར་རི་ལ་ཕེབས་སོ། མུན་རུབ་ཁར་ཁོང་དེར་གཅིག་པུར་བཞུགས་ཡོད་ཙ་ན། ༢༤ གྲུ་མཚོ་དཀྱིལ་དུ་ཡོད་དེ། མི་མཐུན་པའི་རླུང་ལངས་པས། རྦ་རླབས་ཀྱིས་དཀྲུགས་སོ། ༢༥ མཚན་གྱི་ཐུན་བཞི་པ་ལ་ཁོང་མཚོའི་ཁར་ཞབས་འཆག་ཅིང་དེ་རྣམས་ཀྱི་རྩར་ཕེབས་སོ། ༢༦ ཉེ་གནས་རྣམས་ཀྱིས་ཁོང་མཚོའི་ཁར་ཞབས་འཆག་པ་མཐོང་ནས་སྐྲག་སྟེ། འདྲེའོ་ཟེར་ཞིང་འཇིགས་པས་འབོད་བསྒྲགས་སོ། ༢༧ ཡེ་ཤུས་སེམས་ལྷོད་དེར་སྡོད། ང་ཡིན། མ་འཇིགས་ཤིག་གསུངས། ༢༨ པེ་ཏྲོས་ཞུ་ལན་དུ། གཙོ་བོ་ཁྱེད་ལགས་ན། ངའང་ཆུའི་ཁར་འགྲུལ་ནས་ཁྱེད་དྲུང་འོང་བའི་བཀའ་སྩོལ་ཞིག་ཞུས། ༢༩ ཁོང་གིས་ཤོག་གསུངས། པེ་ཏྲོས་གྲུ་ལས་བབས་ཏེ། ཆུའི་ཁར་འགྲུལ་ཞིང་ཡེ་ཤུའི་དྲུང་དུ་འོང་བ་ལས། ༣༠ རླུང་པོ་མཐོང་སྟེ་འཇིགས་ནས་ནུབ་འགྲོ་བའི་ཚེ། སྐད་ཆེན་པོས། གཙོ་བོ་*ལགས། ང་སྐྱོབས་ཤིག་ཞུས། ༣༡ ཡེ་ཤུས་ཕྱག་བརྐྱངས་ཏེ་ཁོ་བཟུང་ནས། དད་ཆུང་ཁྱོད། ཐེ་ཚོམ་ཅི་ལ་བྱས་གསུངས་སོ། ༣༢ ཁོང་གཉིས་གྲུའི་ནང་དུ་ཕེབས་པ་དང་རླུང་ཆད། ༣༣ གྲུའི་ནང་ཡོད་པ་དག་གིས་ཁོང་ལ་ཕྱག་འཚལ་ནས། བདེན་པར་ཁྱེད་དཀོན་མཆོག་གི་སྲས་སོ་ཞུས།
༣༤ ཕ་རོལ་དུ་གེ་ནེ་སཱ་རེད་ཡུལ་དུ་ཕེབས། ༣༥ དེའི་ཡུལ་པས་ངོ་ཤེས་ནས། ཡུལ་འཁོར་ཐམས་ཅད་ལ་ལོན་བཏང་སྟེ། ནད་པ་ཐམས་ཅད་ཁོང་གི་སྐུ་དྲུང་དུ་འཁྱེར་འོངས། ༣༦ ན་བཟའི་ཟུར་ཙམ་ལ་ཐུག་པར་གནོང་ཞུས་ནས། རེག་ཚད་གསོས་སོ༎