༡༥
དེའི་ཚེ་ཕ་རུ་ཤི་པ་དང་མཁན་པོ་འགའ་ཤས་ཡེ་རུ་ཤ་ལེམ་ནས་ཡེ་ཤུ་མཇལ་དུ་འོངས་ནས། ༢ ཁྱེད་ཀྱི་ཉེ་གནས་རྣམས་ཟན་ཟ་དུས་སུ་ལག་པ་མི་འཁྲུ་ཞིང་། རྒན་པོའི་གཏམ་རྒྱུད་ཅིའི་ཕྱིར་གཅོག་ཞུས། ༣ ཁོང་གིས་ཁྱེད་ཀྱིས་རང་གི་གཏམ་རྒྱུད་ཀྱིས་དཀོན་མཆོག་གི་བཀའ་རྒྱ་ཅིའི་ཕྱིར་གཅོག ༤ རང་གི་ཕ་མ་ལ་བཀུར་སྟི་བྱོས་ཤིག དེས་མ་ཟད་ཕའམ་མ་ལ་སྨད་མཁན་ནི་འཆི་བར་འོས་སོ་ཞེས་དཀོན་མཆོག་གིས་བཀའ་སྩལ་ཡང་། ༥ སུ་ཞིག་གིས་རང་གི་ཕ་མ་ལ། ངས་ཁྱེད་ལ་ཕུལ་འོས་པའི་ཞབས་ཏོག་དེ་དཀོན་མཆོག་ལ་མཆོད་པར་ཕུལ་ཏོ་ཟེར་ན། ༦ ཁོས་ཕ་མ་ལ་བཀུར་སྟི་མི་བྱེད་ཀྱང་ཆོག་ཅེས་ཁྱེད་ཀྱིས་ཟེར་ཏེ། རང་གི་གཏམ་རྒྱུད་ཀྱིས་དཀོན་མཆོག་གི་བཀའ་རྒྱ་དོན་མེད་བྱས་སོ། ༧ ཁ་ཆོས་པ་ཁྱེད་ཚོའི་སྐོར་ལ་ཡེ་ཤ་ཡཱས།༨ སྡེ་འདིས་ཁ་ནས་ང་བཀུར་ཡང་༎
སྙིང་ནི་ང་ལས་ཐག་རིང་འདུག།
༩ ང་ལ་དོན་མེད་ཕྱག་འཚལ་ཞིང་༎
མི་ཡི་ཁྲིམས་ཀྱི་བསྟན་པ་སྟོན༎
ཞེས་ལེགས་པར་ལུང་བསྟན་ཏོ། གསུངས་སོ༎
༡༠ མི་ཚོགས་བོས་ནས་ཁོང་གིས་གསུངས་པ། ཉོན་ལ་གོ་ཞིག ༡༡ ཁའི་ནང་དུ་འགྲོ་བ་དེས་མི་ནི་གྲིབ་ཅན་མི་བྱེད་ཀྱང་། ཁ་ནས་འཐོན་པ་དེས་གྲིབ་ཅན་བྱེད་དོ་གསུངས་སོ། ༡༢ ཉེ་གནས་རྣམས་འོངས་ནས། ཕ་རུ་ཤི་པས་ཁྱེད་ཀྱི་གསུང་འདི་ཐོས་ནས་ལོག་པར་སེམས་པ་དེ་མཁྱེན་ནམ་ཞུས། ༡༣ བཀའ་ལན་དུ་ངའི་ནམ་མཁའི་ཡབ་ཀྱིས་མ་བཙུགས་པའི་སྔོ་ཐམས་ཅད་རྩ་བ་ནས་དགོག་པར་འགྱུར་རོ། ༡༤ དེ་དག་ལོང་འཁྲིད་ལོང་བ་ཡིན་ཏེ་འགྲོར་ཆུག ལོང་བས་ལོང་བ་འཁྲིད་ན་གཉིས་པོ་དོང་ནང་ལྷུང་འོང་གསུངས། ༡༥ པེ་ཏྲོས་ང་ཚོར་དཔེ་དེ་བཀྲལ་དུ་གསོལ་ཞུས། ༡༦ ཁོང་གིས་ཁྱེད་ཚོ་ལའང་ད་དུང་གོ་བ་མེད་དམ། ༡༧ ཁའི་ནང་སླེབས་པ་དེ་གྲོད་པའི་ནང་དུ་སོང་ནས། གསང་སྤྱོད་དུ་འདོར་ཡང་། ༡༨ ཁ་ནས་འཐོན་པ་དེ་སྙིང་ནས་འོང་བས། མི་ནི་གྲིབ་ཅན་བྱེད་པ་མ་རྟོགས་སམ། ༡༩ ཅིའི་ཕྱིར་ཞེ་ན། བསམ་ངན་དང་། མི་གསོད་པ་དང་། ལོག་གཡེམ་དང་། འདོད་ལོག་དང་། རྐུ་བ་དང་། རྫུན་གྱི་དཔང་པོ་དང་། སྐུར་འདེབས་ནི་སྙིང་གི་ནང་ནས་འོང་ངོ་། ༢༠ གྲིབ་ཅན་བྱེད་མཁན་འདི་རྣམས་ཡིན། ལག་པ་མ་འཁྲུ་བར་ཟན་ཟ་བས་ནི་གྲིབ་མི་འཕོག་གོ་གསུངས་སོ༎
༢༡ དེ་ནས་ཡེ་ཤུ་ཚོར་དང་ཚི་དོན་ཡུལ་ཁག་ཏུ་ཕེབས། ༢༢ ས་ཆ་དེ་ནས་ཀ་ན་ཨན་མ་ཞིག་འོངས་ཏེ། སྐད་ཆེན་པོས་དཱ་བིད་ཀྱི་སྲས་ཇོ་བོ་ལགས། ང་ལ་སྙིང་རྗེ་མཛོད་ཅིག ངའི་བུ་མོར་འགོང་པོས་འཚེའོ་ཞུས་ཀྱང་། ༢༣ བཀའ་ལན་ཅིའང་མ་སྩལ། ཉེ་གནས་རྣམས་ཀྱིས། འདིས་ངེད་ཀྱི་ཕྱི་བཞིན་ཀུ་སྒྲ་གཏོང་བས། འགྲོར་གནོང་ཞིག་ཞེས་ཞུས་སོ། ༢༤ བཀའ་ལན་དུ། ང་ནི་ཨིས་ར་ཨེལ་གྱི་ཁྱིམ་གྱི་ལུག་སྟོར་བ་འབའ་ཞིག་གི་རྩར་མངགས་པ་ཡིན་གསུངས་ཀྱང་། ༢༥ མོས་ཕྱག་འཚལ་ཞིང་། ཇོ་བོ་ལགས། ང་ལ་སྐྱབས་མཛོད་ཞུས་པའི་ལན་དུ། ༢༦ ཕྲུ་གུའི་བག་ལེབ་ལེན་ཏེ་ཁྱི་གུར་དབྱུག་པ་མི་ལེགས་གསུངས། ༢༧ མོས་དེ་བཞིན་དུ་ལགས་ཀྱང་ཁྱི་གུས་བདག་པོའི་ལྕོག་ཙེ་ནས་འགྲིལ་བའི་བྲུལ་བུ་ལས་ཟའོ་ཞུས་པའི་ལན་དུ། ༢༨ བུ་མོ། ཁྱོད་ཀྱི་དད་པ་ཆེ་སྟེ། ཁྱོད་ཀྱི་འདོད་པ་བཞིན་དུ་འགྱུར་ཅིག་གསུངས། དེ་གསུངས་མ་ཐག་ཏུ་དེའི་བུ་མོ་གསོས་སོ༎
༢༩ ཡེ་ཤུ་དེ་ནས་ཕེབས་ཏེ་ག་ལིལ་མཚོ་དང་ཉེ་བའི་རི་ལ་བཞུགས་སོ། ༣༠ དེར་མི་ཚོགས་རྣམས་བཅར་ནས་ཞ་བོ། ལོང་བ། ལྐུགས་པ། འཁོང་པོ་ལ་སོགས་པ་མང་པོ་ཁྲིད་དེ་ཞབས་དྲུང་དུ་བཞག་ནས། ཁོང་གིས་དེ་དག་གསོ་བར་མཛད་དོ། ༣༡ ལྐུག་པས་སྨྲ་བ་དང་། འཁོངས་པ་ཐང་པོ་དང་། ཞ་བོ་འགྲུལ་བ་དང་། ལོང་བས་མཐོང་བ་རྣམས་མི་ཚོགས་ཀྱིས་མཐོང་ནས། ངོ་མཚར་དུ་གྱུར་ཏེ། ཨིས་ར་ཨེལ་གྱི་དཀོན་མཆོག་ལ་བསྟོད་དོ༎
༣༢ ཡེ་ཤུས་ཉེ་གནས་རྣམས་བོས་ནས་དེ་དག་ལ། མི་ཚོགས་ངའི་རྩར་བསྡད་ནས་ཞག་གསུམ་སོང་། ཟ་རྒྱུ་མེད་པས་ང་སྙིང་རྗེའོ། ལམ་ལ་བརྒྱལ་ཉེན་ཡོད་དེ། ལྟོགས་རིད་གཏོང་བ་ལ་མི་དགའོ་གསུངས་སོ། ༣༣ ཉེ་གནས་རྣམས་ཀྱིས། མི་ཚོགས་འདི་ཙམ་ལ་འདང་བའི་བག་ལེབ་ཐང་སྟོང་འདིར་གང་ནས་ཐོབ་འོང་ཞུས། ༣༤ ཡེ་ཤུས་བག་ལེབ་ཅི་ཙམ་ཡོད་གསུངས། བདུན་དང་ཉེའུ་ཁ་ཅིག་ཡོད་ཞུས། ༣༥ མི་ཚོགས་ལ་ས་ལ་སྡོད་པའི་བཀའ་གནང་ནས། ༣༦ བག་ལེབ་བདུན་པོ་དང་ཉ་ཕྱག་ཏུ་བཞེས་ནས། གཏང་རག་ཕུལ་ཏེ་བཅག་སྟེ་ཉེ་གནས་ལ་གནང་ངོ་། ཉེ་གནས་ཀྱིས་མི་ཚོགས་ལ་གནང་ངོ་། ༣༧ དེར་ཐམས་ཅད་ཀྱིས་ཟོས་ཏེ། ཚིམ་ནས་ལྷག་པའི་འབྲུལ་བུ་ཙེ་པོ་གང་བ་བདུན་བླངས་སོ། ༣༨ བུད་མེད་དང་བྱིས་པ་མ་ཐེ་བར་ཟ་མཁན་སྟོང་བཞི་ཡོད་དོ། ༣༩ དེ་ནས་ཡེ་ཤུས་མི་ཚོགས་ལ་དགོངས་པ་གནང་ནས། གྲུའི་ནང་བཞུགས་ཏེ། མག་ད་ལཱ་ཡུལ་འཁོར་དུ་ཕེབས་སོ༎