༡༦
ཕ་རུ་ཤི་པ་དང་སད་དུ་ཀི་པ་རེ་བཅར་ནས། ཁོང་ཐུགས་སད་པའི་ཕྱིར། ནམ་མཁའ་ནས་ལྟས་ཤིག་སྟོན་ཕྱིར་ཞུས་པའི་ལན་དུ།  ཕྱི་དྲོ་སྤྲིན་དམར་འཁོར་ན། ཁྱེད་ཀྱིས་གནམ་དྭངས་འོང་ཟེར།  སྔ་དྲོ་སྤྲིན་དམར་འཁོར་ཞིང་དཀྲིགས་ན། རླུང་ཚུབ་འོང་ཟེར་ཞིང་། གནམ་གྱི་མདོག་རྟོགས་ཀྱང་དུས་ཀྱི་ལྟས་མི་རྟོགས་སམ།  མི་རབས་ངན་པ་གཡེམ་པོ་འདིས་ལྟས་འཚོལ་ཡང་། ལུང་སྟོན་པ་ཡོ་ནཱའི་ལྟས་མ་གཏོགས་པར་ལྟས་གཞན་གཏོང་བར་མི་བྱ་གསུངས་ནས་དེ་དག་བོར་ཞིང་ཕེབས་སོ༎
 ཕ་རོལ་དུ་ཕེབས་དུས་སུ་ཉེ་གནས་རྣམས་ལ་བག་ལེབ་འཁྱེར་བ་བརྗེད།  ཡེ་ཤུས་ཕ་རུ་ཤི་པ་དང་སད་དུ་ཀི་པའི་སྐྱུར་རྩི་ལས་ཟོན་བྱོས་ཤིག་གསུངས།  ངེད་ཀྱིས་བག་ལེབ་ཁྱེར་མེད་ཟེར་ཞིང་ཉེ་གནས་རྣམས་གླེང་ངོ་།  ཡེ་ཤུས་དེ་མཁྱེན་ནས། དད་ཆུང་ཁྱེད། བག་ལེབ་ཁྱེར་མེད་ཟེར་ཞིང་ཅིའི་ཕྱིར་གླེང་།  ད་དུང་ཡང་མི་གོའམ། མི་སྟོང་ལྔའི་བག་ལེབ་ལྔ་པོ་དང་། ཙེ་པོ་ཅི་ཙམ་བསྡུས་པ་མི་དྲན་ནམ། ༡༠ མི་སྟོང་བཞིའི་བག་ལེབ་བདུན་པོ་དང་ཙེ་པོ་ཅི་ཙམ་བསྡུས་པ་ཡིད་ལ་མེད་དམ། ༡༡ ངས་བག་ལེབ་ཀྱི་གཏམ་མི་བྱེད་པ་ཅིའི་ཕྱིར་མི་གོ། ཕ་རུ་ཤི་པ་དང་སད་དུ་ཀི་པའི་སྐྱུར་རྩི་ལས་ཟོན་བྱོས་ཤིག་གསུངས། ༡༢ དེ་ནས་བག་ལེབ་ཀྱི་སྐྱུར་རྩི་ལས་མ་ཡིན་པར། ཕ་རུ་ཤི་པ་དང་སད་དུ་ཀི་པའི་བསླབ་བྱ་ལས་ཟོན་བྱེད་གསུངས་པར་གོའོ༎
༡༣ ཀེ་སར་ཡཱ་ཕི་ལིབ་པི་ཞེས་པའི་ལྗོངས་སུ་བྱོན་པའི་ཚེ། ཡེ་ཤུས་ཉེ་གནས་རྣམས་ལ། མི་རྣམས་ཀྱིས་མིའི་བུ་སུ་ཡིན་ཟེར་ཞེས་བཀའ་འདྲི་མཛད་པས། ༡༤ ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན། ལ་ལས་ཨེ་ལི་ཡཱ། ལ་ལས་ཡེ་རེམ་ཡཱ་ཡང་ན་ལུང་སྟོན་པ་ཞིག་ཡིན་ཞུའོ་ཞུས། ༡༥ ཁྱོད་ཚོས་ང་སུ་ཡིན་ཟེར་གསུངས། ༡༦ ཤི་མོན་པེ་ཏྲོས། ཁྱེད་ནི་དཀོན་མཆོག་གསོན་པའི་སྲས་མཱ་ཤི་ཀ་དེ་ཡིན་ནོ་ཞུས་པའི་བཀའ་ལན་དུ། ༡༧ འདི་ནི་ཁྱོད་ལ་ཤ་དང་ཁྲག་གིས་མ་ཡིན་པར་ངའི་ནམ་མཁའི་ཡབ་ཀྱིས་མངོན་པར་མཛད་པས། ཡོ་ནཱའི་བུ་ཤི་མོན་ཁྱོད་བདེའོ། ༡༨ ངས་ཁྱོད་ལ་ཟེར་ཁྱོད་ལ་པེ་ཏྲོ་སྟེ། བྲག་འདིའི་ཁར་ངས་ཉིད་ཀྱི་ཆོས་ཚོགས་བརྩིག་སྟེ། དེ་ལས་གཤིན་རྗེའང་རྒྱལ་བར་མི་འགྱུར། ༡༩ ངས་ནམ་མཁའི་རྒྱལ་སྲིད་ཀྱི་ལྡེ་མིག་ཁྱོད་ལ་གཏོང་བས། ཁྱོད་ཀྱིས་ས་ལ་བཅིང་བ་དེ་ནམ་མཁའ་ལའང་བཅིངས་པ་རྩི་འོང་། ས་ལ་སྒྲོལ་བ་དེ་ནམ་མཁའ་ལའང་སྒྲོལ་བ་རྩི་འོང་གསུངས། ༢༠ ཡང་ཉེ་གནས་རྣམས་ལ་ང་ནི་མཱ་ཤི་ཀ་ཡིན་པ་སུ་ལའང་མ་ཟེར་ཞེས་བཀའ་གནང་ངོ་༎
༢༡ དེང་ཕྱིན་ཆད་ཡེ་ཤུས་ཉེ་གནས་རྣམས་ལ། ང་ནི་ཡེ་རུ་ཤ་ལེམ་དུ་འགྲོ་བ་དང་། རྒན་མི་དང་བླ་ཆེན་དང་མཁན་པོ་རྣམས་ལས་སྡུག་བསྔལ་མང་པོ་མྱོང་བ་དང་། གསོད་པ་དང་། ཞག་གསུམ་པ་ལ་གསོན་པོར་ལང་དགོས་ཤེས་གསུང་བ་ལ་ཞུགས་པས། ༢༢ པེ་ཏྲོས་ཁོང་སོ་སོར་གདན་དྲངས་ནས། ཇོ་བོ་ལགས། དེ་མ་སྲིད་ཅིག ཁྱེད་ལ་དེ་འདྲ་ནམ་ཡང་མི་འབྱུང་ཟེར་སྟིངས་ཚིག་སྒྲོགས་སོ། ༢༣ ཁོང་གིས་ཞལ་བསྒྱུར་ཏེ་པེ་ཏྲོ་ལ། བདུད་ཁྱོད། རྒྱབ་ཏུ་ནུར། ཁྱོད་ཀྱི་བསམ་པ་དཀོན་མཆོག་བཞིན་མ་ཡིན་པར་མི་བཞིན་ཡིན་པས། ཁྱོད་ངའི་བར་ཆད་དུ་འདུག་གོ་གསུངས་སོ། ༢༤ ཉེ་གནས་རྣམས་ལ། ངའི་རྗེས་སུ་འབྲང་བར་འདོད་པ་དེས། བདག་འཛིན་སྤོང་ལ། རང་གི་རྐྱང་ཤིང་འཁུར་ཞིང་ངའི་ཕྱི་བཞིན་འབྲོངས། ༢༥ རང་སྲོག་སྐྱོབ་འདོད་པ་དེས་བསྐྱལ། ངའི་དོན་སྲོག་བསྐྱལ་བ་དེས་བརྙེད། ༢༦ མི་ལ་འཇིག་རྟེན་ཧྲིལ་པོ་ཐོབ་ཀྱང་། རང་སྲོག་བརླག་ན་ཅི་ཕན། རང་གི་སྲོག་ཅི་དང་བརྗེ། ༢༧ མིའི་བུ་ནི་ཉིད་ཀྱི་ཡབ་ཀྱི་གཟི་བརྗིད་ནང་ཕོ་ཉ་དང་བཅས་སུ་འབྱོན་ཞིང་། རེ་རེ་ལ་དེའི་ལས་དང་བསྟུན་ཏེ་ལན་གནང་འོང་། ༢༨ མིའི་བུ་རྒྱལ་པོའི་དབང་ནང་འབྱོན་པ་མ་མཇལ་བའི་བར་དུ་འདིར་ཡོད་པ་ཁ་ཅིག་གིས། འཆི་བ་མི་མྱོང་བས་ངས་བདེན་པར་ཟེར་ཞེས་གསུངས་སོ༎