༡༧
ཞག་དྲུག་གི་རྗེས་སུ། ཡེ་ཤུས་པེ་ཏྲོ་དང་ཡ་ཀོབ་དང་དེའི་ནུ་བོ་ཡོ་ཧ་ནན་འཁྲིད་ནས། རི་མཐོན་པོ་ཞིག་ལ་སོ་སོར་ཕེབས་སོ།  དེ་དག་གི་མདུན་དུ་ཁོང་གི་སྐུ་དབྱིབས་གྱུར་ཏེ། ཞལ་ཉི་མ་ལྟར་འོད་འཕྲོ་ཞིང་། ན་བཟའ་འོད་དཀར་པོ་ལྟར་གྱུར་ཏོ།  ཡང་མོ་ཤེ་དང་ཨེ་ལི་ཡཱ་མཉམ་དུ་གསུང་གླེང་མཛད་པར་མཇལ་ཏོ།  པེ་ཏྲོས་ཡེ་ཤུ་ལ། ཇོ་བོ་ལགས། ངེད་ཅག་འདིར་བཞུགས་པ་ལེགས། ཁྱེད་ཐུགས་དགྱེས་ན་ངས་འདིར་གཟིམ་གུར། ཁྱེད་ལ་གཅིག་དང་། མོ་ཤེ་ལ་གཅིག ཨེ་ལི་ཡཱ་ལ་གཅིག་སྟེ་གསུམ་ཕུབ་འོང་ཞུ་བའི་འཕྲོ་ལ།  སྤྲིན་མདངས་ཅན་ཞིག་གིས་དེ་དག་ལ་བསྒྲིབས་པ་དང་། སྤྲིན་གྱི་ནང་ནས་སྒྲ་ཞིག་གིས། འདི་ནི་ང་དགའ་བའི་སྲས་གཅིག་པུ་ཡིན། ཁོང་ལ་ཉོན་ཅིག་ཅེས་གསུངས་པ།  དེ་ཐོས་ནས་ཉེ་གནས་རྣམས་ཁ་བུབ་ཏུ་འགྱེལ་ཏེ། ཤིན་ཏུ་འཇིགས་སོ།  ཡེ་ཤུ་བྱོན་ཏེ་ཕྱག་རེག་ནས། ལོངས། མ་འཇིགས་ཤིག་གསུངས།  བལྟས་པ་ལས་ཡེ་ཤུ་གཅིག་པུ་མ་གཏོག་སུའང་མ་མཐོང་ངོ་།  རི་ལས་འབབ་པའི་ཚེ། ཡེ་ཤུས། མིའི་བུ་གཤིན་པོའི་ཁྲོད་ལས་མ་བཞེང་བའི་བར་དུ། ཁྱེད་ཚོས་མཐོང་བ་འདི་སུ་ལའང་མ་འཆད་ཅེས་བཀའ་གནང་ངོ་། ༡༠ ཉེ་གནས་རྣམས་ཀྱིས། མཁན་པོ་དག་གིས་ཨེ་ལི་ཡཱ་སྔོན་དུ་ཕེབས་དགོས་ཅིའི་ཕྱིར་ཟེར་ཞུས་པའི་བཀའ་ལན་དུ། ༡༡ ཨེ་ལི་ཡཱ་འབྱོན་ཞིང་ཐམས་ཅད་གསོ་འོང་ཟེར་བ་བདེན་པ་ཡིན། ༡༢ འོན་ཀྱང་ཨེ་ལི་ཡཱ་བྱོན་ཟིན་ཞེས་ངས་ཟེར། དེ་རྣམས་ཀྱིས་ཁོང་ངོ་མ་ཤེས་པར། ཁོང་ལ་དེ་ཚོས་རང་གི་བློ་འདོད་བཞིན་བྱས་སོ། དེ་བཞིན་དུ་མིའི་བུའང་དེ་རྣམས་ཀྱི་ལག་ནས་མནར་འོང་གསུངས། ༡༣ དེ་ནས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སྐོར་དུ་གསུང་བ་དེ་རྣམས་ཀྱིས་གོའོ༎
༡༤ མི་ཚོགས་ཀྱི་རྩར་ཕེབས་པའི་ཚེ། མི་ཞིག་སྐུ་དྲུང་དུ་འོངས་ཏེ། པུས་མོ་ས་ལ་བཙུགས་ནས། ༡༥ ཇོ་བོ་ལགས། ངའི་བུ་ལ་སྙིང་རྗེ་མཛོད་ཅིག ཁོ་སྨྱོ་ཞིང་རེས་འགའ་མེའི་ནང་དུ་འགྲིལ། རེས་འགའ་ཆུའི་ནང་དུ་འགྱེལ་ཞིང་ཤིན་ཏུ་མནར་རོ། ༡༦ ཁྱེད་ཀྱི་ཉེ་གནས་རྣམས་ཀྱི་དྲུང་དུ་ཁྱེར་ཀྱང་གསོ་མ་ཐུབ་ཞུས་སོ། ༡༧ ཡེ་ཤུས་མི་རབས་དད་མེད་དང་བསམ་བརླག་ཁྱོད། ང་ཁྱོད་མཉམ་དུ་ནམ་ཐུག་སྡོད། ཁྱོད་ལ་ནམ་ཐུག་བཟོད་པར་བྱ། ཁོ་ཁྲིད་ཤོག་གསུངས། ༡༨ ཡེ་ཤུས་བཀའ་བཀྱོན་མཛད་པ་དང་། འགོང་པོ་ནི་དེའི་ནང་ནས་ཐོན་པས། དེ་ཕྱིན་ཆད་ཁྱེའུ་གསོས་སོ། ༡༩ དེ་ནས་ཉེ་གནས་རྣམས་ཡེ་ཤུའི་སྐུ་དྲུང་དུ་ཟུར་དུ་བཅར་ནས། ངེད་ཀྱིས་འགོང་པོ་དེ་ཅིའི་ཕྱིར་སྐྲད་མ་ཐུབ་པ་ཡིན་ཞུས། ༢༠ ཁོང་གིས། ཁྱེད་ཀྱི་དད་པ་ཆུང་བས་སོ། གལ་ཏེ་ཁྱོད་ལ་ཡུངས་འབྲུ་ཙམ་གྱི་དད་པ་ཞིག་ཡོད་ནའང་རི་འདི་ལ་འདི་ནས་དེར་སོང་ཟེར་ན་དེ་འགྲོ་བར་འགྱུར། ཁྱེད་ལ་མི་ཐུབ་པ་ཅིའང་མེད་པས་ངས་བདེན་པར་ཟེར་ཞེས་གསུངས་སོ༎ ༢༡ ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽
༢༢ ག་ལིལ་དུ་བཞུགས་པའི་ཚེ། ཉེ་གནས་རྣམས་ལ་འདི་སྐད་ཅེས། མིའི་བུ་མི་རྣམས་ཀྱི་ལག་ཏུ་གཏད་དེ། ༢༣ ཁོང་འགྲོང་བར་འགྱུར། ཞག་གསུམ་པ་ལ་སྐུ་གསོན་པོར་བཞེང་བར་འགྱུར་ཞེས་གསུངས་པས་དེ་རྣམས་ཤིན་ཏུ་མྱ་ངན་དུ་གྱུར་ཏོ༎
༢༤ ཀ་ཕར་ནཱ་ཧུམ་དུ་ཕེབས་པའི་ཚེ། ཆོས་ཁྲལ་སྡུ་མཁན་རྣམས་པེ་ཏྲོའི་རྩར་འོངས་ཏེ། ཁྱེད་ཀྱི་སློབ་དཔོན་གྱིས་ཁྲལ་མི་འཇལ་ལམ་ཞེས་དྲིས། ༢༥ འཇལ་ལོ་སྨྲས་སོ། པེ་ཏྲོ་ཁང་པར་འོང་བ་དང་། པེ་ཏྲོས་མ་ཞུས་པའི་སྔོན་ལ་ཡེ་ཤུས། ཤི་མོན། ཅི་ལྟར་སེམས། སའི་རྒྱལ་པོས་ཤོ་གམ་མམ་ཁྲལ་སུ་ནས་ལེན། རང་གི་བུ་ནས་ལེན་ནམ་གཞན་ནས་ལེན་གསུངས་པས། ༢༦ དེས་གཞན་ནས་ལེན་ཞུས། ཡེ་ཤུས་དེའི་ཕྱིར་བུ་ཐར་རོ། ༢༧ འོན་ཀྱང་དེ་དག་དད་པ་མི་ལོག་ཕྱིར། མཚོར་སོང་ལ་ལྕགས་ཀྱུ་དབྱུག ཉ་དང་པོ་བླངས་པ་དེའི་ཁ་ཕྱེས་དང་། དངུལ་ཊཾ་གཅིག་ཐོབ་འོང་། དེ་འཁྱེར་ནས་ངེད་གཉིས་ཀྱི་ཕྱིར་དེ་དག་ལ་ཐོང་གསུངས་སོ༎