༡༨
དེའི་ཚེ་ཉེ་གནས་རྣམས་སྐུ་དྲུང་དུ་བཅར་ནས། ནམ་མཁའི་རྒྱལ་སྲིད་ནང་ཆེ་ཤོས་དེ་སུ་ཡིན་ཞུས།  ཡེ་ཤུས་བྱིས་པ་ཞིག་བོས་ཏེ། དེ་དག་གི་དཀྱིལ་དུ་བཞག་ནས།  ཁྱེད་ཚོ་སེམས་བསྒྱུར་ཏེ། བྱིས་པ་དང་འདྲ་བར་མི་འགྱུར་ན། ནམ་མཁའི་རྒྱལ་སྲིད་ནང་ཅིས་ཀྱང་མི་ཆུད།  བྱིས་པ་འདི་དང་འདྲ་བར་ཆུང་ངུ་འགྱུར་བ་དེ་ནམ་མཁའི་རྒྱལ་སྲིད་ནང་ཆེ་བ་ཡིན།  ངའི་མཚན་རྗོད་ཅིང་འདི་འདྲ་བའི་བྱིས་པ་གཅིག་བསྙེན་པ་དེས་ང་བསྙེན།
 ང་ལ་དད་པའི་ཆུང་ངུ་འདི་རྣམས་ཀྱི་ནང་ནས་གཅིག་དད་པ་ལོག་འཇུག་པ་དེའི་སྐེ་ལ་རང་འཐག་གི་རྡོ་ཆེན་པོ་བཏགས་ཏེ། རྒྱ་མཚོའི་གཏིང་དུ་སྐྱུར་ན་ཁོའི་ཕྱིར་ལེགས།  སླུ་ཁྲིད་རྣམས་ཀྱི་ཕྱིར་འཇིག་རྟེན་ལ་སྙིང་རེ་རྗེ། སླུ་ཁྲིད་འབྱུང་དགོས་ཀྱང་། སླུ་མཁན་དེ་ལ་སྙིང་རེ་རྗེ།  ལག་པའམ་རྐང་པས་ཁྱོད་དད་པ་ལོག་ཏུ་འཇུག་ན། བཅད་དེ་རྒྱང་དུ་དབྱུག ལག་པ་གཉིས་སམ་རྐང་པ་གཉིས་མཉམ་དུ་གཏན་གྱི་མེའི་ནང་སྐྱུར་བ་བས། ལག་རྡུམ་མམ་ཞ་བོར་གྱུར་ནས་ཚེ་མཐའ་མེད་པའི་ནང་འཇུག་པ་ཁྱོད་ཕྱིར་ལེགས།  མིག་གིས་ཁྱོད་དད་པ་ལོག་ཏུ་འཇུག་ན། བཏོན་ཏེ་རྒྱང་དུ་དབྱུག མིག་གཉིས་དང་བཅས་དམྱལ་བའི་མེའི་ནང་སྐྱུར་བ་བས། མིག་གཅིག་དང་མཉམ་ཚེ་མཐའ་མེད་པའི་ནང་འཇུག་པ་ཁྱོད་ཕྱིར་ལེགས་སོ༎
༡༠ ཆུང་ངུ་འདི་རྣམས་ཀྱི་ནང་ནས་གཅིག་ལའང་མ་བརྙས་ཤིག དེ་རྣམས་ཀྱི་ཕོ་ཉས་ནམ་མཁའི་ནང་ངའི་ཡབ་རྒྱུན་དུ་མཇལ་ལོ་ངས་ཟེར། ༡༡ ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽ ༡༢ ཅི་སེམས། ལུག་བརྒྱ་ཡོད་པ་ཞིག་ལ་གཅིག་སྟོར་ན། གོ་དགུ་ཏེ་བཞག་ནས། རི་ལ་སོང་ནས་སྟོར་བ་དེ་མི་འཚོལ་ལམ། ༡༣ གལ་ཏེ་སྟོར་བ་དེ་ཐོབ་ན། མ་སྟོར་བའི་གོ་དགུ་ལས་ལུག་འདིའི་ཕྱིར་ལྷག་པར་དགའ་བར་འགྱུར་ཞེས་ངས་བདེན་པར་ཟེར། ༡༤ དེ་ལྟར་ཁྱེད་ཀྱི་ནམ་མཁའི་ཡབ་ནི། ཆུང་ངུ་འདི་རྣམས་ཀྱི་ནང་ནས་གཅིག་ཀྱང་སྟོར་བར་མི་མཉེས་སོ༎
༡༥ ཁྱོད་ཀྱི་སྤུན་གྱིས་ཉེས་པ་བྱེད་ན། སོང་ལ་གཅིག་པུ་ཡོད་སར་བསླབ་བྱ་ཐོང་ཞིག ཉན་ན་རང་གི་སྤུན་བརྙེད་པ་ཡིན། ༡༦ མི་ཉན་ན་དཔང་པོ་གཉིས་གསུམ་གྱིས་གཏམ་རྣམས་ནན་ཏན་བྱེད་པའི་ཕྱིར། རང་དང་མཉམ་དུ་སྤུན་གཅིག་གཉིས་ཁྲིད་ཅིག ༡༧ དེ་དག་ལའང་མི་ཉན་ན། ཆོས་ཚོགས་ལ་ཞུས་ཤིག ཆོས་ཚོགས་ལའང་མི་ཉན་ན། ཁོ་ཕྱི་པ་དང་ཤོ་གམ་པ་འདྲ་བར་རྩིས་ཤིག
༡༨ ཁྱོད་ཀྱིས་ས་ལ་བཅིང་བ་དེ་ནམ་མཁའ་ལའང་བཅིངས་པར་རྩི་འོང་། ས་ལ་སྒྲོལ་བ་དེ་ནམ་མཁའ་ལའང་སྒྲོལ་བར་རྩི་འོང་ཞེས་ངས་བདེན་པར་ཟེར། ༡༩ ས་རུ་ཇི་ཞིག་ཞུ་བར་ཁྱོད་ཀྱི་ནང་ནས་གཉིས་ཁ་འཆམ་ན། ནམ་མཁའི་ངའི་ཡབ་ཀྱིས་གནང་བར་འགྱུར་རོ་ཞེས་ངས་ཟེར། ༢༠ ཅིའི་ཕྱིར་ཞེ་ན། གང་དུ་གཉིས་སམ་གསུམ་ངའི་མཚན་འཁུར་ཞིང་འཛོམས་ན། དེར་ངའང་དེ་དག་གི་དཀྱིལ་དུ་ཡོད་གསུངས་སོ༎
༢༡ དེའི་ཚེ་པེ་ཏྲོས། ཇོ་བོ། ངའི་སྤུན་གྱིས་ང་ཉེས་ན། ལན་ཇི་ཙམ་གྱི་བར་དུ་བཟོད་པར་བྱ། ལན་བདུན་ནམ་ཞུས། ༢༢ ཡེ་ཤུས་ངས་ནི་ལན་བདུན་མི་ཟེར། བདུན་ཅུ་འགྱུར་བདུན་ཟེར་རོ། ༢༣ དེའི་ཕྱིར་ནམ་མཁའི་རྒྱལ་སྲིད་ནི་རྒྱལ་པོ་ཞིག་གིས་རང་གི་གཡོག་པོ་རྣམས་དང་རྩིས་བྱེད་འདོད་པ་དང་འདྲ་སྟེ། ༢༤ རྩིས་བྱེད་པར་ཚུགས་ནས། རྡོ་ཚད་ཁྲི་ཚོ་གཅིག་གི་བུ་ལོན་པ་ཞིག་དེའི་རྩར་འཁྲིད་འོངས། ༢༥ དེ་ལ་འཇལ་རྒྱུ་མེད་པས། དཔོན་པོས་ཁོ་དང་། ཆུང་མ་བུ་ཕྲུག་དང་། ཇི་ཡོད་པ་ཐམས་ཅད་བཙོང་སྟེ། བུ་ལོན་འཇལ་བའི་བཀའ་གནང་ངོ་། ༢༦ གཡོག་པོས་ལུས་ས་ལ་བརྡབས་ཏེ། དུས་འགྱང་གནོང་ཞིག་ཐམས་ཅད་འཇལ་འོང་ཞུས། ༢༧ དཔོན་པོས་སྙིང་རྗེ་ནས། ཁོ་བཏང་བས་མ་ཟད་ཁོའི་བུ་ལོན་ཡང་བསལ་ཏོ༎
༢༨ གཡོག་པོ་དེ་ཐོན་ནས། ཊཾ་ཀ་བརྒྱ་ལེན་དགོས་ཡོད་པའི་གཡོག་གྲོགས་ཤིག་དང་ཕྲད་ནས། ཁོ་སྐེ་ནས་བཟུང་སྟེ། ངའི་བུ་ལོན་འཇོལ་ཞིག་ཟེར། ༢༩ གཡོག་གྲོགས་དེས་ལུས་ས་ལ་བརྡབས་ཏེ། དུས་འགྱང་གནོང་ཞིག་འཇལ་འོང་ཟེར་ཞིང་བཅོལ་ཀྱང་། ༣༠ ཁོ་མ་ཉན་པར་སོང་ནས། བུ་ལོན་འཇལ་བའི་བར་དུ་བཙོན་དུ་བཅུག་གོ། ༣༡ ཁོའི་གཡོག་གྲོགས་རྣམས་ཀྱིས་དེ་མཐོང་ནས་ཤིན་ཏུ་སྐྱོ་སྟེ། དཔོན་པོ་ལ་གནས་ཚུལ་ཐམས་ཅད་བཤད་དོ། ༣༢ དཔོན་པོས་གཡོག་པོ་དེ་བོས་ནས། གཡོག་པོ་ངན་པ་ཁྱོད། ཁྱོད་ཀྱིས་བཅོལ་བས་ངས་ཁྱོད་ཀྱི་བུ་ལོན་ཐམས་ཅད་བསལ་བ་ཡིན། ༣༣ ངས་ཁྱོད་ལ་སྙིང་རྗེ་བྱས་པ་ལྟར། ཁྱོད་ཀྱིས་ཀྱང་རང་གི་གཡོག་གྲོགས་ལ་སྙིང་རྗེ་བྱེད་མི་འོས་སམ་སྨྲས་ནས། ༣༤ ཁྲོས་ཏེ་བུ་ལོན་མ་འཁོར་བའི་བར་དུ་བཙོན་སྲུང་གི་ལག་ཏུ་བཏད་དོ། ༣༥ ཁྱོད་ཀྱང་རང་གི་སྤུན་ལ་སྙིང་ནས་བཟོད་པར་མི་བྱེད་ན། ངའི་ནམ་མཁའི་ཡབ་ཀྱིས་ཁྱོད་ལ་དེ་བཞིན་དུ་མཛད་འོང་། ཞེས་གསུངས་སོ༎