ལུང་སྟོན་པ་མལ་ཨ་ཀིའི་མདོ།
མལ་ཨ་ཀིའི་ངང་ནས་ཨིས་ར་ཨེལ་ལ་བསྒོ་བའི་ཡ་ཧོ་ཝཱའི་བཀའ་མཆིད་ཀྱི་ཞལ་གཟིགས་ནི།
 ངས་ཁྱེད་ལ་གཅེས་པར་བཟུང་བ་ཡིན། ཞེས་ཡ་ཧོ་ཝཱས་གསུང་། འོན་ཀྱང་ཁྱོད་ཀྱིས། ངེད་ལ་ཁྱེད་ཀྱིས་ཇི་ལྟར་གཅེས་པར་བཟུང་བ་ཡིན་ཞེས་ཟེར། ཨེ་སབ་ནི་ཡ་ཀོབ་ཀྱི་སྤུན་མིན་ནམ། ཡ་ཧོ་ཝཱའི་བཀའ་ནི། འོན་ཀྱང་ངས་ཡ་ཀོབ་ལ་གཅེས་པར་བཟུང་སྟེ།  ཨེ་སབ་ལ་ངས་སྡང་སྟེ། དེའི་རི་རྣམས་སྟོང་པ་དང་། ནོར་སྐལ་ནི་འབྲོག་སྟོང་གི་དུར་སྤྱང་གི་ཕྱིར་བཏང་བ་ཡིན།  ཇི་སྟེ་ཨེ་དོམ་གྱིས། ངེད་ཅག་བཞིག་ནས་ཡོད་རུང་། སླར་ལོག་ནས་ཁང་གོག་དེ་རྣམས་ཀྱི་མཁར་ལས་བྱའོ་ཟེར་གྱི། དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། དེ་དག་གིས་རྩིག་རུང་ངས་རྟིབ་པར་བྱ་བ་དང་། མི་རྣམས་ཀྱིས་དེ་དག་གི་མིང་དུ། ཐ་ཆད་ཀྱི་མུ་མཐའ་དང་། ཡ་ཧོ་ཝཱའི་ཐུགས་ཁྲོ་གཏན་དུ་ཕོག་པའི་མི་སྡེ། ཞེས་གདགས་སོ།  ཡང་ཁྱོད་ཀྱི་མིག་གིས་དེ་མཐོང་ནས། ཨིས་ར་ཨེལ་གྱི་ཕ་རོལ་ནས་ཀྱང་ཡ་ཧོ་ཝཱ་ཆེན་པོ་ལགས་སོ། ཞེས་ཁྱོད་ཀྱིས་བརྗོད་པར་འགྱུར་རོ༎
 བུས་ཕ་དང་གཡོག་པོས་དཔོན་པོར་སྟི་སྟང་བྱེད། ཇི་སྟེ་ང་ཕ་ལགས་ན། ངའི་སྟི་སྟང་ག་རེ། ཇི་སྟེ་ང་དཔོན་པོ་ལགས་ན། ངའི་འཇིགས་པ་ག་རེ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་ཁྱོད་ལ་གསུང་ངོ་། ཀྱེ་ངའི་མཚན་ཁྱད་དུ་སོད་པའི་བླ་མ་རྣམས། ཁྱོད་ཅག་གིས་ཟེར་དོན་ལ། ངེད་ཀྱིས་ཁྱེད་ཀྱི་མཚན་ཇི་ལྟར་ཁྱད་དུ་སད། ཅེས་ཟེར།  ཁྱོད་ཀྱིས་ངའི་མཆོད་ཁྲིར་གྲིབ་ཅན་གྱི་བག་ལེབ་འབུལ་བཞིན་དུ། ངེད་ཀྱིས་ཇི་ལྟར་ཁྱེད་ལ་གྲིབ་ཕོག་ཏུ་བཅུག ཅེས་ཟེར། དེ་ལྟར་ཁྱོད་ཀྱིས་ཡ་ཧོ་ཝཱའི་གསོལ་ལྕོག་བརྙས་སུ་རུང་བའོ་ཟེར།  གལ་ཏེ་ཁྱོད་ཀྱིས་མཆོད་པར་ལོང་བ་ཞིག་འབུལ་ན། དེ་ནི་ངན་པ་མིན་ནམ། གལ་ཏེ་ཞ་བོ་དང་། ནད་པ་འབུལ་ན། དེ་ནི་ངན་པ་མིན་ནམ། ད་དེ་རང་ཁྱོད་ཀྱི་དཔོན་པོར་ཕུལ་ཞིག་དང་། ཁོ་ཁྱོད་ལ་དགའ་བར་འགྱུར་རམ། ཁྱོད་ཁོའི་མིག་ཏུ་མཛེས་པར་འགྱུར་རམ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་༎
 ད་དཀོན་མཆོག་གིས་ངེད་ལ་ཐུགས་རྗེས་གཟིགས་པའི་ཕྱིར་དུ། ཁོང་གི་ཞལ་ངོར་ཞུ་འབུལ་བྱོས་ཞེས་ངས་ཞུའོ། ཁྱོད་རང་གིས་རྐྱེན་ཏེ་འདི་བྱུང་བས། ཁོང་གིས་ཁྱོད་ཅག་ལས་སུའང་ཐུགས་ལ་འདོགས་པར་བྱའམ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་། ༡༠ ཁྱོད་རང་གི་ནང་ནས་སུས་སྒོ་རྣམས་བཅད་ན་ལེགས། དེ་ནས་ཁྱོད་ཀྱིས་དོན་མེད་ལ་ངའི་མཆོད་ཁྲིར་མེ་འབུད་པར་མི་བྱ། ང་ཁྱོད་ལ་མི་དགའོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་། ངས་ཁྱོད་ཀྱི་ལག་པའི་འབུལ་བ་བཞེས་བར་མི་བྱའོ། ༡༡ དེ་ཅིའི་ཕྱིར་ཞེ་ན། ཉི་མའི་འཆར་ག་ནས་ནུབ་གའི་བར་དུ་མི་བརྒྱུད་རྣམས་ཀྱི་ནང་ན་ངའི་མཚན་འཕགས་ཤིང་། གནས་ཀུན་ཏུ་ངའི་མཚན་དུ་བདུག་སྤོས་དང་དག་པའི་སྦྱིན་པ་མཆོད་པ་ཡིན། གང་ལ་ཞེ་ན། ཕྱི་པ་རྣམས་ཀྱི་ནང་ན་ངའི་མཚན་འཕགས་པའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༢ འོན་ཀྱང་ཁྱོད་ཅག་གིས་གྲིབ་ཀྱིས་བསྒོས་བའི་སྟེང་དུའང་། ཁྱོད་ཀྱིས། ཡ་ཧོ་ཝཱའི་གསོལ་ལྕོག་གྲིབ་ཅན་དང་། དེའི་ཤིང་ཐོག་གམ། བཤོས་དེ་བརྙས་སུ་རུང་བའོ་ཟེར། ༡༣ ཡང་ཁྱོད་ཅག་གིས། ལྟོས་ཤིག སྡུག་བསྔལ་ཇི་ལྟར་ཆེའོ་སྨྲས་ཏེ། ཤུང་ཤུང་ཡང་བྱས། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་། ཡང་ཁྱོད་ཀྱིས་མཆོད་པ་འབུལ་དུ་ཆད་པོ་མནར་པོ་དང་། ཞ་བོ་དང་། ནད་པ་རྣམས་འཁྱེར་འོང་བས། ངས་ཁྱོད་ཀྱི་ལག་ནས་དེ་བཞེས་པར་བྱའམ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༤ འོན་ཀྱང་གང་གི་ཁྱུའི་ནང་ན་ཕོ་ཞིག་ཡོད་དེ། དམ་བཅའ་ཞིང་ཡ་ཧོ་ཝཱ་ལ་སྐྱོན་ཅན་མཆོད་པ་དེ་དམོད་པར་གྱུར་ཅིག དེ་ཅིའི་ཕྱིར་ཞེ་ན། ང་ནི་རྒྱལ་པོ་ཆེན་པོ་སྟེ། ཁོ་བོའི་མཚན་མི་བརྒྱུད་རྣམས་ཀྱི་ཁྲོད་ན་འཇིགས་སུ་རུང་བ་ལགས་སོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་༎