༢
ད་ཀྱེ་བླ་མ་རྣམས། ཁྱོད་ལ་ངེས་རྒྱུའི་བཀའ་ནི། ༢ ཇི་སྟེ་ཁྱོད་ཚོས་ང་ལ་མི་ཉན་ཞིང་། ངའི་མཚན་གཟེངས་བསྟོད་པར་བྱེད་པ་རང་གི་སྙིང་ན་འཇགས་པར་མི་བྱེད་ན། དཔུང་ཆེན་གྱི་ཡ་ཧོ་ཝཱའི་བཀའ་ནི། དེ་ནས་ངས་ཁྱོད་ལ་དམོད་པ་ཕབ་སྟེ། ཁྱོད་ཀྱི་བྱིན་རླབས་རྣམས་ནི་དམོད་པར་བྱའོ། འོ་ན། ཁྱོད་ཀྱིས་དེ་ལ་བློ་མི་འཇུག་པས། ངས་དེ་དག་དམོད་པར་བྱས་ཟིན་ཏོ། ༣ ཀྱེ་ཧོ། ངས་ཁྱོད་ཀྱི་ཕྱིར་ས་བོན་ལ་སྨོན་ལོག་འདེགས་ཤིང་། ཁྱོད་རང་གི་དམར་མཆོད་ཀྱི་སློ་དེ་ཁྱོད་ཀྱི་གདོང་ལ་བརྒྱབ་པར་བྱ་བ་དང་། ཁྱོད་དེ་དང་བཅས་པ་ཕར་འཁྱེར་བར་འགྱུར། ༤ ལེ་ཝི་དང་བཅས་སུ་ངའི་ཞལ་ཆད་གནས་པའི་དོན་དུ། བཀའ་མཆིད་འདི་ངས་མངགས་པ་ཁྱོད་ཀྱིས་ངོ་འཕྲོད་པར་འགྱུར། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་། ༥ སྲོག་དང་ཞི་བདེ་ལྡན་པའི་ངའི་ཞལ་ཆད་དེ་དང་བཅས་སུ་ཡོད་ཅིང་། ངའི་མཚན་གྱི་དྲུང་དུ་འཇིགས་པར་འགྱུར་བའི་ཕྱིར་ངས་དེ་དག་ཁོ་ལ་བཏད་ནས། དེས་ང་ལ་འཇིགས་སོ། ༦ དེའི་ཁའི་ནང་བདེན་པ་ཉིད་ཀྱི་བཀའ་རྒྱ་མཆིས་ཏེ། དེའི་ཁ་ལྤགས་ཀྱི་ནང་ན་རྫུན་མེད་པ་ཡིན། ཁོ་ང་དང་ལྷན་ཅིག་ཏུ་ཞི་བདེ་དང་དྲང་བ་ཉིད་ཀྱི་ངང་ནས་འགྲུལ་ཏེ། མང་པོ་ཡང་ངན་པའི་ལམ་ནས་བསློགས་པར་བྱས་སོ། ༧ གང་ལ་ཞེ་ན། བླ་མའི་ཁ་སྤགས་ཀྱིས་ཡེ་ཤེས་འཛིན་པའི་རིགས་སོ། དེ་ནི་ཡ་ཧོ་ཝཱའི་ཕོ་ཉ་ཡིན་པས། མི་རྣམས་ཀྱིས་དེའི་ཁ་ནས་བཀའ་རྒྱ་འཚོལ་བའི་རིགས་སོ། ༨ འོན་ཀྱང་ཁྱོད་ཅག་ལམ་ལས་གོལ་ཏེ། མི་མང་པོ་བཀའ་རྒྱའི་ནང་དུ་འགྱེལ་དུ་བཅུག་ཅིང་། ལེ་ཝིའི་ཞལ་ཆད་དེ་བཤིག་པར་བྱས་སོ། ༩ དེ་བས་ན། ཁྱོད་ཅག་ངའི་གཤེགས་ལམ་རྣམས་མ་བསྲུང་བར། བཀའ་རྒྱའི་ནང་དུ་ཕྱོགས་རིས་བྱས་པས། ངས་ཀྱང་ཁྱོད་ཅག་མི་སྡེ་འདི་ཀུན་གྱི་མདུན་ན་བརྙས་སུ་རུང་བ་དང་དམའ་བར་བྱས་སོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་༎༡༠ ངེད་ཐམས་ཅད་ལ་ཡབ་གཅིག་རང་མེད་དམ། དཀོན་མཆོག་གཅིག་གིས་ངེད་མ་བཀོད་དམ། དེ་ནས་ཅིའི་ཕྱིར་ངེད་ཀྱིས་རང་གི་ཕ་མེས་ཀྱི་ཞལ་ཆད་ལ་གྲིབ་ཀྱིས་བསྒོས་པའི་ངང་ནས། ཕན་ཚུན་རང་གི་སྤུན་ལ་ལོག་པར་བྱེད། ༡༡ ཡ་ཧུ་དཱས་ལོག་པར་བྱས། ཨིས་ར་ཨེལ་དང་ཡེ་རུ་ཤ་ལེམ་གཉིས་ཀྱི་ནང་ན་བྱ་བ་མི་གཙང་བ་ཞིག་བྱས། དེ་ཅིའི་ཕྱིར་ཞེ་ན། ཡ་ཧུ་དཱ་ཡིས་ཡ་ཧོ་ཝཱས་སྡུག་པར་འཛིན་པའི་དམ་པ་ཡིན་པ་དེ་གྲིབ་ཀྱིས་བསྒོས་ཏེ། ཕྱི་པའི་ལྷ་རྣམས་ཀྱི་བུ་མོ་ཆུང་མར་བླངས་སོ། ༡༢ ཡ་ཧོ་ཝཱས་དེ་འདྲ་སྤྱད་པའི་མི་གཉིད་སད་མཁན་དང་། ལན་ཟློག་མཁན་དང་། དཔུང་ཆེན་གྱི་ཡ་ཧོ་ཝཱའི་སྤྱན་སྔར་མཆོད་པ་འབུལ་མཁན་ཡང་། ཡ་ཀོབ་ཀྱི་གུར་རྣམས་ཀྱི་ནང་ནས་ཚར་གཅད་དོ༎
༡༣ ཁྱོད་ཀྱིས་སླར་འདི་བཞིན་བྱེད། ཡ་ཧོ་ཝཱའི་མཆོད་ཁྲི་མིག་ཆུ་དང་། དུ་བ་དང་། ཆོ་ངེས་ཀྱིས་འགེབས་པའི་ཕྱིར་དུ། ཕྱིན་ཆད་དུ་ཁོང་གིས་འབུལ་བ་ཐུགས་སུ་མི་འདོགས་པ་དང་། ཁྱོད་ཀྱི་ལག་ནས་ཐུགས་དགྱེས་བཞིན་མི་བཞེས་པ་ཁྱོད་ཀྱིས་བྱེད་དོ། ༡༤ དེའི་སྟེང་དུའང་ཁྱོད་ཀྱིས། ཅི་ལ་མི་བཞེས་ཟེར། རྒྱུ་རྐྱེན་ནི། ཁྱོད་རང་ཁྱོད་ཀྱི་ན་གཞོན་གྱི་ཆུང་མ་གཉིས་ཀྱི་བར་ན་ཡ་ཧོ་ཝཱ་དཔང་པོ་ཡིན་ཀྱང་། ཁྱོད་ཀྱིས་དེ་ལ་ལོག་པར་བྱས། ད་དུང་ཡང་མོ་ནི་ཁྱོད་ཀྱི་གྲོགས་དང་། ཁྱོད་ཀྱི་དམ་བཅའི་ཆུང་མ་དེ་ཡིན་ནོ། ༡༥ དེས་དམ་བཅའ་ཞིག་མ་བྱས་སམ། དེ་ནས་ཀྱང་དེ་ལ་དྲན་པ་ཞིག་མ་ལུས་སམ། དམ་བཅའ་དེ་ཅིའི་ཕྱིར་ཡིན་ཞེ་ན། དཀོན་མཆོག་འདྲ་བའི་ས་བོན་རྙེད་པའི་སླད་དུའོ། དེ་བས་ན་རང་གི་སེམས་ལ་བྱ་ར་གྱིས་ཤིག་དང་། སུས་ཀྱང་རང་གི་ན་གཞོན་གྱི་ཆུང་མར་ལོག་པར་མ་བྱེད་ཅིག ༡༦ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ང་ནི་ཆུང་མ་གཅོད་པ་དང་། དབང་ཆོས་ཀྱིས་རང་གི་གོས་གབ་པ་རྣམས་ལ་སྡང་ངོ་། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་། དེ་བས་ན་ལོག་པར་མི་བྱེད་པའི་ཕྱིར་རང་གི་སེམས་ལ་བྱ་ར་གྱིས་ཤིག
༡༧ ཁྱོད་ཅག་རང་གི་ཚིག་རྣམས་ཀྱི་སྒོ་ནས་ཡ་ཧོ་ཝཱ་ཐུགས་བསུན་བཅུག་ནས། ངེད་ཀྱིས་ཇི་ལྟར་ཐུགས་བསུན་དུ་བཅུག་ཅེས་ཁྱོད་ཅག་གིས་ཟེར། ངན་པ་བྱེད་པ་ཐམས་ཅད་ཡ་ཧོ་ཝཱའི་སྤྱན་དྲུང་དུ་ལེགས་ཏེ། ཁོང་དེ་རྣམས་ལ་ཐུགས་མཉེས་སོ། ཡང་ན། གཤགས་འབྱེད་པའི་དཀོན་མཆོག་ག་རེ། ཞེས་ཀྱང་ཁྱོད་ཅག་གིས་ཟེར་ནས་ཐུགས་བསུན་དུ་བཅུག་པ་ཡིན་ནོ༎