ལུང་སྟོན་པ་ཟ་ཀར་ཡཱའི་མདོ།
དར་ཡཱའི་ལོ་གཉིས་པའི་ཟླ་བ་བརྒྱད་པར་ཡ་ཧོ་ཝཱའི་བཀའ་ནི་ཨིད་དོའི་ཚ་བོའམ། བེ་རེག་ཡཱའི་བུ་ཡིན་པའི་ཟ་ཀར་ཡཱ་ལུང་སྟོན་པ་ལ་བྱུང་ནས། འདི་སྐད་དུ།  ཁྱོད་ཅག་གི་ཕ་མེས་རྣམས་ལ་ཡ་ཧོ་ཝཱ་རབ་ཏུ་ཐུགས་མ་དགྱེས་སོ།  དེ་བས་ན་ཁྱོད་ཀྱིས་དེ་དག་ལ་འདི་སྐད་སྒོ་བར་བྱོས། དཔུང་ཆེན་གྱི་ཡ་ཧོ་ཝཱའི་བཀའ་ནི། ཁྱོད་ཅག་ངའི་ཕྱོགས་སུ་འཁོར་ཞིག ཅེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་། དེ་ནས་ང་ཁྱོད་ཅག་གི་ཕྱོགས་སུ་འཁོར་བར་བྱའོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་།  ཁྱོད་ཅག་རང་གི་ཕ་མེས་རྣམས་དང་འདྲ་བར་མ་གྱུར་ཅིག དེ་རྣམས་ལ་སྔ་མའི་ལུང་སྟོན་པ་རྣམས་ཀྱིས་འབོད་སྒྲོག་ཅིང་། དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་དུ། ད་ཁྱོད་རང་གི་ངན་པའི་ལས་རྣམས་སྤོང་ཞིག ཅེས་གསུང་མོད། དེ་ལ་རྣ་བ་མ་བཏད་པར་ང་ལ་མ་ཉན་ཏོ། ཞེས་ཡ་ཧོ་ཝཱས་གསུང་ངོ་།  ཁྱོད་ཀྱི་ཕ་མེས་དེ་རྣམས་ག་ན་ཡོད། ཡང་ལུང་སྟོན་པ་རྣམས་རྟག་ཏུ་འཚོའམ།  འོན་ཀྱང་ངའི་ཞབས་འདེགས་པའི་ལུང་སྟོན་པ་རྣམས་ལ་བསྒོ་བར་བྱས་པའི་ཚིག་དང་། བཀའ་རྒྱ་དེ་རྣམས་བཞིན་དུ་ཁྱོད་ཅག་གི་ཕ་མེས་རྣམས་ལ་མ་བྱུང་ངམ། དེའང་དེ་དག་གྱུར་ཏེ་འདི་སྐད་དུ། དཔུང་ཆེན་གྱི་ཡ་ཧོ་ཝཱའི་ཐུགས་སུ་དགོངས་པ་བཞིན་དུ་ངེད་ཅག་ལ་མཛད་འོས་པ་ལྟར། ངེད་རང་གི་ལམ་རྣམས་དང་ངེད་རང་གི་སྤྱོད་པ་རྣམས་དང་མཐུན་པར། ངེད་ལ་མཛད་པར་བྱས་སོ༎
 དར་ཡཱའི་ལོ་གཉིས་པའི་ཟླ་བ་ཤེ་བད་བྱ་བའི་ཟླ་བ་བཅུ་གཅིག་པའི་ཚེས་ཉི་ཤུ་བཞི་པར། ཡ་ཧོ་ཝཱའི་བཀའ་ནི་ཨིད་དོའི་ཚ་བོའམ། བེ་རེག་ཡཱའི་བུ་ཡིན་པའི་ཟ་ཀར་ཡཱ་ལུང་སྟོན་པ་ལ་འདི་ལྟར་བྱུང་ངོ་།  མཚན་མོར་ངས་བལྟས་པ་ལས། མི་ཞིག་རྟ་སྐྱང་བུར་ཞོན་ཏེ། ལུང་པའི་ནང་ན་ཡོད་པའི་ཧ་དས་ཤིང་གི་གསེབ་ན་འགྲེང་སྟེ། དེའི་རྒྱབ་ན་རྟ་སྐྱང་བུ་དང་། རག་པ་དང་། དཀར་པོ་རྣམས་ཡོད་པ་དང་།  ངས་ཀྱེ་ངའི་ཇོ་བོ། འདི་རྣམས་ཅི་ལགས་གསོལ་པ་དང་། བདག་ལ་གཏམ་ལབ་པའི་ཕོ་ཉ་དེས་ང་ལ། འདི་རྣམས་ཅི་ལགས་ངས་ཁྱོད་ལ་སྟོན་པར་བྱའོ་སྨྲས་པ་དང་། ༡༠ ཧ་དས་ཤིང་གི་གསེབ་ན་ཡོད་པའི་མི་དེས་ང་ལ་ལན་དུ། འདི་དག་ནི་ཡ་ཧོ་ཝཱས་འཇིག་རྟེན་ཀུན་ཏུ་རྒྱུ་བའི་ཕྱིར་མངགས་པ་རྣམས་ཡིན་སྨྲས་སོ། ༡༡ ཡང་དེ་དག་གིས་ཧ་དས་ཤིང་གི་གསེབ་ན་འགྲེང་བའི་ཡ་ཧོ་ཝཱའི་ཕོ་ཉ་དེ་ལ་ལན་དུ། ངེད་འཇིག་རྟེན་ཀུན་ཏུ་རྒྱུ་ཟིན་ཏེ། ཀྱེ་ཧོ། ས་ཐམས་ཅད་འདུ་འཛི་མེད་པར། ཞི་བདེ་བར་སྡོད་དོ་ཞུས་པ་དང་།
༡༢ ཡ་ཧོ་ཝཱའི་ཕོ་ཉ་དེས་ལན་དུ། ཀྱེ་དཔུང་ཆེན་གྱི་ཡ་ཧོ་ཝཱ། ལོ་བདུན་ཅུའི་རིང་ནས་ཁྱེད་ཀྱི་ཐུགས་ཁྲོ་ཕོག་པའི་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་ལ། དུས་ནམ་གྱི་བར་དུ་ཁྱེད་ཀྱིས་ཐུགས་བརྩེ་བའི་འཕྲོ་གཅོད་པར་བྱ། ཞེས་གསོལ་པ་དང་། ༡༣ བདག་དང་གཏམ་བྱས་པའི་ཕོ་ཉ་དེ་ལ། ཡ་ཧོ་ཝཱས་གསུང་འཇམ་ལ་ཡིད་དུ་འོང་བའི་གསུང་གི་བཀའ་ལན་གནང་བ་དང་། ༡༤ བདག་དང་གཏམ་བྱས་པའི་ཕོ་ཉ་དེས་ང་ལ། ཁྱེད་ཀྱིས་འབོད་སྒྲོག་ཅིང་འདི་ལྟར་སྒྲོགས་ཤིག དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ཡེ་རུ་ཤ་ལེམ་དང་ཙི་ཨོན་གྱི་ཕྱིར་ཆགས་སྡང་ཆེན་པོས་ཆགས་སོ། ༡༥ སེམས་ལྷོད་ཀྱིས་ཡོད་པའི་ཕྱི་པའི་མི་བརྒྱུད་རྣམས་ཀྱི་ཕྱིར་ང་རབ་ཏུ་མི་དགའོ། དེ་ཅིའི་ཕྱིར་ཞེ་ན། ང་ཅུང་ཟད་ཅིག་མ་དགའ་བར་ཡོད་པ་ལས། དེ་དག་གིས་སྡུག་བསྔལ་དེ་ཆེ་བར་བྱས་སོ། ༡༦ དེ་བས་ན་ཡ་ཧོ་ཝཱས་འདི་སྐད་གསུང་། ཁོ་བོས་ཐུགས་བརྩེར་དགོངས་ཏེ། ཡང་སྐྱར་ཡེ་རུ་ཤ་ལེམ་དུ་གདན་འཁོར་བ་ཡིན་ཏེ། དེར་ངའི་ཕོ་བྲང་བཞེང་བར་འགྱུར། ཡེ་རུ་ཤ་ལེམ་གྱི་སྟེང་དུ་ཐིག་སྐུད་སྦྲན་པར་འགྱུར་རོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་། ༡༧ སླར་ཡང་སྐད་ཆེན་པོས་བོས་ཤིག དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་དུ། ཁོ་བོའི་གྲོང་ཁྱེར་རྣམས་སླར་བདེ་ལེགས་ཀྱིས་ལུད་པར་འགྱུར་ཏེ། ཡ་ཧོ་ཝཱས་ད་དུང་ཡང་ཙི་ཨོན་གྱི་སེམས་གསོ་ཞིང་། ད་དུང་ཡང་ཡེ་རུ་ཤ་ལེམ་འདམ་པར་མཛད་པར་འགྱུར་རོ་ཞེས་གསུང་ངོ་༎
༡༨ ཡང་ངས་རང་གི་མིག་བཏེག་ཅིང་བལྟས་པ་དང་། ཀྱེ་ཧོ། རུ་ཅོ་བཞི་འདུག ༡༩ ཡང་ངས་བདག་དང་གཏམ་བྱས་པའི་ཕོ་ཉ་དེ་ལ། འདི་དག་ཅི་ལགས་ཞུས་པའི་ལན་དུ་དེས་ང་ལ། འདི་དག་གིས་ཡ་ཧུ་དཱ་དང་། ཨིས་ར་ཨེལ་དང་། ཡེ་རུ་ཤ་ལེམ་གཏོར་བར་བྱས་པའི་རུ་ཅོ་དེ་རྣམས་སོ་ཞེས་སྨྲས་བྱུང་། ༢༠ ཡང་ཡ་ཧོ་ཝཱས་བདག་ལ་མགར་བ་བཞི་བསྟན་པ་དང་། ༢༡ ངས་འདི་དག་ཅི་བྱེད་དུ་འོངས་པ་ལགས་ཞེས་ཞུས་པས། ཁོང་གིས་ང་ལ་ལན་དུ། ཡ་ཧུ་དཱ་གཏོར་བར་བྱས་ཏེ། སུས་ཀྱང་དེ་དག་གི་མདུན་དུ་རང་གི་མགོ་འདེགས་མ་ནུས་པའི་རུ་ཅོ་རྣམས་ནི་འདི་དག་གོ། ཡ་ཧུ་དཱའི་ཡུལ་ཁམས་གཏོར་དུ་རང་གི་རུ་ཅོ་སྤར་བར་བྱས་པའི་ཕྱི་པའི་མི་བརྒྱུད་ཀྱི་རུ་ཅོ་རྣམས་འཁྲུགས་པ་དང་འཕེན་པའི་ཕྱིར་འདི་དག་འོངས་པ་ལགས་སོ་ཞེས་གསུངས་སོ༎