༢
ཟླ་བ་བདུན་པ་དང་། ཟླ་བ་དེའི་ཚེས་ཉི་ཤུ་གཅིག་ཞག ཡ་ཧོ་ཝཱའི་བཀའ་ལུང་སྟོན་པ་ཧག་གཱ་ཨིའི་ངང་ནས་བྱུང་སྟེ། འདི་སྐད་གསུང་། ༢ ད་ཡ་ཧུ་དཱའི་དཔོན་པོ་ཤེ་ཨལ་ཏི་ཨེལ་གྱི་བུ་ཟེ་རུབ་བཱ་བེལ་དང་། བླ་མ་ཆེན་པོ་ཡོ་ཚ་དག་གི་བུ་ཡོ་ཤུ་ཨ་གཉིས་དང་། ཡུལ་པ་ཕྱི་ལུས་རྣམས་ལ་གཏམ་བྱེད་ཅིང་འདི་སྐད་སྒོ་བར་གྱིས་ཤིག ༣ ཁྱོད་ཀྱི་ནང་ན་ཕོ་བྲང་འདི་སྔ་མའི་ཟིལ་གྱི་ནང་ན་མཐོང་བ་སུ་ཞིག་ལུས་ཡོད་དམ། ད་ལྟ་མཐོང་བ་འདི་ཇི་འདྲ་འདུག འདི་ནི་དེ་དང་སྡུར་ན་ཅིའང་མིན་པ་ཁྱོད་ཀྱི་མཐོང་སྣང་ལ་མི་རིག་གམ། ༤ འོན་ཀྱང་ཀྱེ་ཟེ་རུབ་བཱ་བེལ། སྟོབས་དང་ལྡན་པར་གྱུར་ཅིག ཅེས་ཡ་ཧོ་ཝཱས་གསུང་ངོ་། ཡང་ཀྱེ་ཡོ་ཚ་དག་གི་བུ་ཡོ་ཤུ་ཨ་བླ་མ་ཆེན་པོ། སྟོབས་དང་ལྡན་པར་གྱུར་ཅིག ཡང་ཀྱེ་ཡུལ་གྱི་མི་ཐམས་ཅད། སྟོབས་དང་ལྡན་པར་གྱུར་ཅིག་དང་། ལས་བྱོས་ཤིག ཅེས་ཡ་ཧོ་ཝཱས་གསུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ང་ཁྱོད་དང་འགྲོགས་སོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་། ༥ ཁྱོད་ཅག་མི་སེར་ཡུལ་ནས་འཐོན་དུས་ངས་ཁྱོད་ཅག་མཉམ་བྱས་པའི་ཞལ་ཆད་དང་བསྟུན་ནས། ངའི་ཐུགས་ཉིད་ཁྱོད་ཅག་གི་ཁྲོད་ན་བཞུགས་པས་ན། མ་འཇིགས་ཤིག ༦ དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ད་དུང་ཡང་ལན་གཅིག དུས་རེ་ཞིག་གི་འོག་ཏུ་ངས་ནམ་མཁའ་རྣམས་དང་། ས་དང་། རྒྱ་མཚོ་དང་སྐམ་ས་སྒུལ་བ་ལས། ༧ ངས་མི་སྡེ་ཐམས་ཅད་སྒུལ་ཞིང་། མི་སྡེ་ཀུན་གྱི་ཡིད་མགུ་བའི་རྫས་བསླེབ་ཅིང་། ངས་ཕོ་བྲང་འདི་ལྷན་ནེ་བས་དགང་ངོ་། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་། ༨ དངུལ་ནི་ངའི་ཡིན། གསེར་ནི་ངའི་ཡིན། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་། ༩ ཕོ་བྲང་ཕྱི་མ་འདིའི་གཟི་བརྗིད་ནི་ཕོ་བྲང་སྔ་མ་བས་ཀྱང་ཆེ་བར་འགྱུར་རོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་། ཡང་ཕོ་བྲང་འདི་ནང་ངས་ཞི་བདེ་སྦྱིན་པར་བྱའོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་༎༡༠ རྒྱལ་པོ་དར་ཡཱས་སྲིད་བྱེད་པའི་ལོ་གཉིས་པའི་ཟླ་བ་དགུ་པའི་ཚེས་ཉི་ཤུ་བཞི་པའི་ཞག་ཡ་ཧོ་ཝཱའི་བཀའ་ལུང་སྟོན་པ་ཧག་གཱ་ཨིའི་ངང་ནས་བྱུང་ནས། འདི་སྐད་གསུང་། ༡༡ དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ད་བཀའ་ཁྲིམས་ཀྱི་སྐོར་དུ་བླ་མ་རྣམས་ལས་རྩར་གཅོད་གཏོང་ཞིང་དེ་དག་ལ། ༡༢ གལ་ཏེ་མི་ཞིག་གིས་རང་གི་གོས་ཀྱི་ཐུ་བའི་ནང་དུ་དམ་པ་ཡིན་པའི་ཤ་ཞིག་འཁྱེར་བ་ལས། ཐུ་བ་དེས་བག་ལེབ་བམ། སྤགས་སམ། རྒུན་ཆང་ངམ། འབྲུ་མར་རམ། གང་ཡང་རུང་བའི་ཟས་ཤིག་ལ་ཐུག་ན། དེ་དམ་པར་ལུས་སམ། སྨྲས་པ་ལས། བླ་མ་རྣམས་ཀྱིས་ཞུ་ལན་དུ། མི་ལུས་སོ་སྨྲས་སོ། ༡༣ སླར་ཧག་གཱ་ཨིས་སྨྲས་པ། གལ་ཏེ་རོ་ལ་རེག་པས་མི་གཙང་བར་གྱུར་པའི་མི་ཞིག་གིས་དེ་དག་ལས་གཅིག་ལ་རེག་ན། དེ་མི་གཙང་བར་མི་འགྱུར་རམ། བླ་མ་རྣམས་ཀྱིས་ལན་དུ། འོ་ན། མི་གཙང་བར་འགྱུར་རོ། ༡༤ དེ་ནས་ཧག་གཱ་ཨིས་ལན་འདེབས་ཤིང་སྨྲས་པ། ཡ་ཧོ་ཝཱས་འདི་སྐད་དུ། དེ་བཞིན་དུ་མི་སྡེ་འདི་དང་། མི་རིགས་འདི་དང་། དེ་དག་གི་ལག་ལས་རེ་རེ་ཡང་ངའི་གཟིགས་སྣང་ལ་ཡོད་པས། དེར་དེ་དག་གིས་མཆོད་པ་རྣམས་ཀྱང་མི་གཙང་བའོ༎
༡༥ ད་ངས་ཁྱེད་ཅག་ལ་ཞུ་བ་ནི། ཡ་ཧོ་ཝཱའི་ཕོ་བྲང་ལ་རྡོ་ཞིག་གི་ཁར་རྡོ་ཞིག་བཞག་པར་མ་བྱས་པའི་ཉིན་མོ་དེ་རིང་ནས་ཡན་ལ་བསམ་བློ་ཐོང་ཞིག ༡༦ ཉིན་མོ་དེ་རྣམས་ན། ཁལ་ཉི་ཤུའི་ཕུང་པོའི་རྩར་ཕྱིན་ནས། བཅུ་མིན་པ་མ་ཐོན། རྒུན་ཆང་འདོན་པའི་འཆག་གཞོང་ལས་བྲེ་ལྔ་བཅུ་འཆུ་བར་ཕྱིན་ནས། ཉི་ཤུ་མིན་པ་མ་ཐོན། ༡༧ འབྲུ་སྐེམ་པའི་རླུང་དང་། ཤོ་དང་། སེར་བའི་སྒོ་ནས་ཁྱོད་ཀྱི་ལག་ལས་ཐམས་ཅད་ཀྱི་ནང་དུ་ངས་ཁྱོད་ལ་བརྡེགས། དེ་ནས་ཀྱང་ཁྱོད་ངའི་ཕྱོགས་སུ་མ་འཁོར། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༨ ཉིན་མོ་དེ་རིང་ནས་ཡན་ཆད་ལ་བསམ་པ་ཐོང་ཞིག ཟླ་བ་དགུ་པའི་ཚེས་པ་ཉི་ཤུ་བཞི་ནས་བཟུང་སྟེའམ། ཡ་ཧོ་ཝཱའི་མཆོད་ཁང་གི་ཞབས་གདན་བཏིང་བའི་ཉི་མ་ཡན་ཆད་ལ་བསམ་པ་ཐོང་ཞིག ༡༩ ད་ཙམ་གྱི་བར་དུ་ས་བོན་བང་བའི་ནང་ན་ཡོད་དམ། འོ་ན། ད་ཙམ་གྱི་བར་དུ་རྒུན་ཤིང་དང་། སེ་ཡབ་ཤིང་དང་། སེ་འབྲུ་ཤིང་དང་། ཁ་སྐྱུར་པོའི་ཤིང་རྣམས་ལ་མ་ཆགས་ཀྱིས། ཉི་མ་དེ་རིང་ནས་ཕྱིན་དུ་ངས་ཁྱོད་ཅག་བྱིན་གྱིས་རློབས་པར་བྱའོ་གསུངས་སོ༎
༢༠ སླར་ཡང་ཟླ་བ་དེ་ཀའི་ཚེས་ཉི་ཤུ་བཞི་ཞག ཡ་ཧོ་ཝཱའི་བཀའ་ལུང་སྟོན་པ་ཧག་གཱ་ཨི་ལ་བྱུང་ནས་འདི་སྐད་དུ། ༢༡ ཡ་ཧུ་དཱའི་དཔོན་པོ་ཟེ་རུབ་བཱ་བེལ་ལ་སྦྲོན་ཞིག ངས་གནམ་ས་གཉིས་དཀྲུག་པར་བྱ་སྟེ། ༢༢ རྒྱལ་ཁམས་རྣམས་ཀྱི་རྒྱལ་ཁྲི་རྩ་རྩེ་རློག་པར་བྱ་སྟེ། ཕྱི་པའི་རྒྱལ་ཁམས་རྣམས་ཀྱི་སྟོབས་མེད་པར་བྱ་སྟེ། ཤིང་རྟ་རྣམས་ཞོན་མཁན་དང་ལྷན་ཅིག་ཏུ་མགོ་ལོག་ཏུ་གཏོང་བར་བྱ། དེ་ནས་རྟ་རྣམས་ཞོན་མཁན་དང་ལྷན་ཅིག་ཏུ་ལྟུང་བར་འགྱུར་ཏེ། ཐམས་ཅད་རེ་རང་གི་སྤུན་གྱི་རལ་གྲི་ལས་ལྟུང་བར་འགྱུར་རོ་གསུངས་སོ། ༢༣ དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་དུ། ཀྱེ་ངའི་བྲན་པོ་ཤེ་ཨལ་ཏི་ཨེལ་གྱི་བུ་ཟེ་རུབ་བཱ་བེལ། ཉིན་མོ་དེར་ངས་ཁྱོད་ཐུགས་སུ་འདོགས་ཤིང་། ཁྱོད་སོར་གདུབ་ཏུ་བྱའོ་ཞེས་ཡ་ཧོ་ཝཱས་གསུང་ངོ་། དེ་ཅིའི་ཕྱིར་ཞེ་ན། ངས་ཁྱོད་འདམས་པ་ཡིན་ནོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་༎ ༎