ལུང་སྟོན་པ་ཧག་གཱ་ཨིའི་མདོ།
༡
རྒྱལ་པོ་དར་ཡཱས་སྲིད་བྱེད་པའི་ལོ་གཉིས་པའི་ཟླ་བ་དྲུག་པ་དང་། ཟླ་བ་དེའི་ཚེས་པ་གཅིག་ལ་ཡ་ཧོ་ཝཱའི་བཀའ་ཡ་ཧུ་དཱའི་དཔོན་པོ་ཤེ་ཨལ་ཏི་ཨེལ་གྱི་བུ་ཟེ་རུབ་བཱ་བེལ་དང་། བླ་མ་ཆེན་པོ་ཡོ་ཚ་དག་གི་བུ་ཡོ་ཤུ་ཨ་གཉིས་ལ་ཧག་གཱ་ཨི་ལུང་སྟོན་པ་རྒྱུད་དེ་བྱུང་བ་འདི་ལྟར་རོ། ༢ དཔུང་ཆེན་གྱི་ཡ་ཧོ་ཝཱའི་བཀའ་ནི། མི་འདི་དག་གིས། ད་དུང་ཡང་ཡ་ཧོ་ཝཱའི་ཕོ་བྲང་བཞེང་བར་བྱ་བའི་སྐབས་ཀྱི་དུས་ལ་མ་བབས་སོ་ཞེས་སྨྲའོ་གསུང་། ༣ ཡང་ཡ་ཧོ་ཝཱའི་བཀའ་ལུང་སྟོན་པ་ཧག་གཱ་ཨི་རྒྱུད་དེ་འབྱོན་ནས་འདི་སྐད་དུ། ༤ ཀྱེ་མ། ཁྱོད་ཅག་རང་གི་སྤང་ལེབ་ཀྱི་ཐོག་སྤུབས་པའི་ཁྱིམ་རྣམས་སུ་སྡོད་པ་དང་། ཕོ་བྲང་འདི་ཁང་གོག་ཏུ་འཇོག་པ་དེ་ཁྱོད་ཅག་རང་གི་དུས་ཡིན་ནམ། ༥ དེ་བས་ན་དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་དུ། ད་རང་གི་སྙིང་རང་གི་ལམ་རྣམས་ལ་གཞུང་ཞིག ༦ ཁྱོད་ཅག་གིས་མང་པོ་བཏབ་ཀྱང་ཉུང་ངུ་སྡུ། ཟ་ཡང་མི་ཚིམ། འཐུང་ཡང་མི་ངོམ། གོས་གོན་ཡང་མི་དྲོས། གླ་པས་བུག་པ་ཅན་གྱི་ཁུག་མའི་ནང་དུ་གླ་སོག་ཏུ་གླ་ལ་རྒྱུག༧ དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་རང་གི་ལམ་རྣམས་ལ་རང་གི་སྙིང་གཞུང་ཞིག ༨ ད་རིར་འཛེགས་ཏེ་ཤིང་དྲོངས་ཤིག་ཕོ་བྲང་བཞེངས་ཤིག་དང་། ང་དེ་ལ་ཡི་རང་ཞིང་། བདག་ལྷན་ནེར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༩ ཁྱོད་ཀྱིས་མང་པོར་རེ་མོད། ཀྱེ་ཧོ། ཉུང་ངུ་བརྙེད། ཁྱོད་ཀྱིས་དེ་ཁྱིམ་དུ་དྲངས་པའི་ཚེ། ངས་དེ་ལ་ཕུ་བཏབ། ཅི་ལ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་། དེའི་རྒྱུ་རྐྱེན་ནི། བདག་གི་ཕོ་བྲང་དེ་ཁང་རོལ་དུ་བཞག་ནས། ཁྱོད་ཐམས་ཅད་རེ་རང་གི་ཁྱིམ་དུ་རྒྱུག་པའི་སླད་དུའོ། ༡༠ དེའི་ཕྱིར་ཁྱོད་ཀྱི་སྟེང་ན་ཡོད་པའི་ནམ་མཁའ་ཆད་པས། ཟིལ་པ་མི་འབབ། སས་རང་གི་འབྲས་བུ་བཅད་དེ། ༡༡ ངས་ས་གཞི་དང་། རི་རྣམས་དང་། འབྲུ་དང་། རྒུན་ཆང་གསར་པ་དང་། འབྲུ་མར་དང་། ས་ལས་སྐྱེ་ཚད་དང་། མི་དང་དུད་འགྲོ་དང་། ལག་ལས་ཐམས་ཅད་ཀྱི་སྟེང་དུ་ཐན་པ་བཀུག་པ་ཡིན་ནོ། ཅེས་གསུངས་སོ༎
༡༢ དེ་ནས་ཤེ་ཨལ་ཏི་ཨེལ་གྱི་བུ་ཟེ་རུབ་བཱ་བེལ་དང་། བླ་མ་ཆེན་པོ་ཡོ་ཚ་དག་གི་བུ་ཡོ་ཤུ་ཨ་གཉིས། མི་ཕྱི་ལུས་ཐམས་ཅད་དང་བཅས་པས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་གསུང་གི་སྒྲ་དང་། ཡ་ཧོ་ཝཱ་དེ་དག་རང་གི་དཀོན་མཆོག་གིས་མངགས་དོན་བཞིན་དུ། ལུང་སྟོན་པ་ཧག་གཱ་ཨིའི་ཚིག་རྣམས་ལ་ཉན་ཏེ། མི་རྣམས་ཡ་ཧོ་ཝཱའི་ཞལ་སྔར་འཇིགས་པར་གྱུར་ཏོ། ༡༣ དེ་ནས་ཡ་ཧོ་ཝཱའི་བང་ཆེན་ཧག་གཱ་ཨིས་ཡ་ཧོ་ཝཱའི་གསུང་ལོན་བཞིན་དུ་མི་སྡེ་ལ། བདག་ཁྱོད་དང་འགྲོགས་སོ། ཞེས་ཡ་ཧོ་ཝཱས་གསུང་ངོ་ཞེས་སྨྲས་སོ། ༡༤ ཡང་ཡ་ཧོ་ཝཱས་ཡ་ཧུ་དཱའི་དཔོན་པོ་ཤེ་ཨལ་ཏི་ཨེལ་གྱི་བུ་ཟེ་རུབ་བཱ་བེལ་གྱི་སེམས་དང་། བླ་མ་ཆེན་པོ་ཡོ་ཚ་དག་གི་བུ་ཡོ་ཤུ་ཨའི་སེམས་དང་། མི་སྡེ་ཕྱི་ལུས་རྣམས་ཀྱི་སེམས་བསྐུལ་བས། དེ་དག་འོངས་ནས། རང་གི་དཀོན་མཆོག་དཔུང་ཆེན་གྱི་ཡ་ཧོ་ཝཱའི་ཕོ་བྲང་གི་མཁར་ལས་བྱེད་དུ་ཞུགས་སོ། ༡༥ དེ་ནི་རྒྱལ་པོ་དར་ཡཱས་སྲིད་བྱེད་པའི་ལོ་གཉིས་པའི་ཟླ་བ་དྲུག་པའི་ཚེས་པ་ཉི་ཤུ་བཞི་ལ་བྱུང་ངོ་༎