ལུང་སྟོན་པ་ཟེ་ཕན་ཡཱའི་མདོ།
ཡ་ཧུ་དཱའི་རྒྱལ་པོ་ཨ་མོན་གྱི་བུ་ཡོ་ཤི་ཡཱའི་ཉིན་མོ་རྣམས་སུ་ཡ་ཧོ་ཝཱའི་བཀའ་ཟེ་ཕན་ཡཱ་ལ་བྱུང་ངོ་། དེ་ནི་ཀུ་ཤིའི་བུ་དང་། ཀུ་ཤི་ནི་གེ་དལ་ཡཱའི་བུ་དང་། གེ་དལ་ཡཱ་ནི་ཨ་མར་ཡཱའི་བུ་དང་། ཨ་མར་ཡཱ་ནི་ཧིས་ཀི་ཡཱའི་བུའོ༎
 ངས་སའི་ངོས་ལས་ཐམས་ཅད་ཡོངས་སུ་མེད་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་།  ངས་མི་དང་དུད་འགྲོ་གཉིས་མེད་པར་བྱ། ངས་ནམ་མཁའི་འདབ་ཆགས་དང་རྒྱ་མཚོའི་ཉ་དང་། མི་ངན་པ་དང་སྐུ་འདྲ་རྣམས་ལྷན་ཅིག་ཏུ་མེད་པར་བྱ་སྟེ། ས་ལས་མིའི་རབས་གཅད་དོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
 ཡང་ངས་ཡ་ཧུ་དཱ་དང་། ཡེ་རུ་ཤ་ལེམ་པ་ཐམས་ཅད་ཀྱི་ཕྱོགས་སུ་ཉིད་ཀྱི་ཕྱག་བརྐྱང་བར་བྱ་སྟེ། ངས་གནས་འདི་ལས་བ་ཨཱལ་གྱི་ཤུལ་དང་། སྐུ་འདྲ་ལ་བརྟེན་མཁན་རྣམས་ཀྱི་མིང་བླ་མ་རྣམས་དང་ལྷན་ཅིག་ཏུ་མེད་པར་བྱའོ།  དེས་མ་ཟད་ཁང་པའི་ཐོག་ཏུ་ནམ་མཁའི་ཚོགས་ལ་རིམ་འགྲོ་བྱེད་པ་རྣམས་དང་། ཕྱག་འཚལ་ཞིང་། ཡ་ཧོ་ཝཱའི་མནའ་མ་ཟད་པར་ལྷ་མིལ་ཀོམ་གྱི་མནའ་ཡང་སྐྱེལ་བ་རྣམས་དང་།  ཡ་ཧོ་ཝཱ་ལས་འཁྱམས་པ་དང་། ཡ་ཧོ་ཝཱ་མ་བཙལ་མ་བསམས་པ་རྣམས་ཀྱང་མེད་པར་བྱའོ༎
 ཡ་ཧོ་ཝཱ་གཙོ་བོའི་སྤྱན་སྔར་ཁ་ལྐུགས་པར་སྡོད་ཅིག དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་ཉིན་མོ་ཉེའོ། ཡ་ཧོ་ཝཱས་དམར་མཆོད་ཅིག་བཤམས་ཏེ། མགྲོན་པོ་རྣམས་དམ་པར་མཛད་དོ།  ཡ་ཧོ་ཝཱའི་དམར་མཆོད་ཀྱི་ཉིན་མོ་དེར་སྐུ་དྲག་རྣམས་དང་། རྒྱལ་སྲས་རྣམས་དང་། རྒྱལ་ཁམས་པའི་གོས་གྱོན་ཚད་ལ་ངས་ཆད་པས་གཅད།  ཡང་སྒོ་ཁང་སྟེང་དུ་མཆོང་ཞིང་རང་གི་དཔོན་པོའི་ཁྱིམ་འཕྲོག་བཅོམ་དང་སྒྱུ་མས་ཁེངས་ཚད་ལ་ངས་ཉིན་མོ་དེ་རང་ལ་ཆད་པས་གཅད། ༡༠ ཉིན་མོ་དེར་ཉའི་རྒྱ་སྒོ་ལས་ངུ་སྐད་དང་། སྲང་ཕྱོགས་གཉིས་པ་ལས་ཆོ་ངེས་དང་། རི་ཕྲན་རྣམས་ལས་ལྡིར་སྒྲ་ཆེན་པོ་འབྱུང་བར་འགྱུར་ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༡ ཀྱེ་མག་ཏེས་པ་རྣམས། སྨྲེ་སྔགས་ཐོན་ཞིག དེ་ཅིའི་ཕྱིར་ཞེ་ན། ཚོང་པ་ཐམས་ཅད་བསད་དེ། དངུལ་འཁྱེར་མཁན་ཐམས་ཅད་ཚར་དུ་བཅད་དོ། ༡༢ ཡང་དེའི་དུས་སུ་འབྱུང་རྒྱུ་ནི། ངས་སྒྲོན་མ་རྣམས་དང་བཅས་སུ་ཡེ་རུ་ཤ་ལེམ་ནང་འཚོལ་བར་བྱ་ཞིང་། སྙིགས་མ་ལ་བྱིང་བ་རྣམས་དང་། རང་གི་སྙིང་ན། ཡ་ཧོ་ཝཱས་བཟང་ངན་གཉིས་པོ་མཛད་པར་མི་འགྱུར་རོ་ཟེར་བ་རྣམས་ལ་ཆད་པས་གཅད་དོ། ༡༣ དེ་ནས་དེ་དག་གི་རྒྱུ་ནོར་དབྲོག་ཅིང་། ཁྱིམ་རྣམས་སྟོངས་པར་འགྱུར། དེ་དག་གིས་ཁང་པ་རྩིག་རུང་། དེར་གནས་པར་མི་འགྱུར། རྒུན་ཚལ་རྣམས་འཛུག་རུང་། དེའི་རྒུན་ཆང་འཐུང་མི་འགྱུར་རོ༎
༡༤ ཡ་ཧོ་ཝཱའི་ཉིན་མོ་ཆེན་པོ་དེ་ཉེའོ། འོ་ན་ཉེའོ། ཡང་དེ་ནི་ཤིན་ཏུ་རིངས་སོ། འོ་ན། ཡ་ཧོ་ཝཱའི་ཉིན་མོའི་སྒྲ་དེར་མི་གྱད་པའང་དྲག་པོར་ངུ་བར་བྱ། ༡༥ ཉིན་མོ་དེ་ནི། ཐུགས་ཁྲོའི་ཉི་མ། སྡུག་བསྔལ་དང་འཚེར་ཁའི་ཉི་མ། སྟོང་པ་དང་སྟོངས་པའི་ཉི་མ། མུན་པ་དང་སེམས་ཕམ་པའི་ཉི་མ། སྤྲིན་དང་གནམ་དཀྲིགས་པའི་ཉི་མ། ༡༦ གྲོང་ཁྱེར་བཙན་པོ་དང་སྤེའུ་མཐོ་མཐོ་རྣམས་ལ་དམག་དུང་དང་། ཀི་ཀི་སྒྲོག་པའི་ཉི་མ་ལགས་སོ། ༡༧ ཡང་མི་རྣམས་ཞར་བ་ལྟར་འགྲུལ་བའི་བར་དུ་ངས་དེ་དག་ལ་སྡུག་བསྔལ་འབེབས་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཡ་ཧོ་ཝཱ་ལ་སྡིག་པ་བྱས་པས། དེ་དག་གི་ཁྲག་ནི་རྡུལ་བཞིན་དུ་དང་། ཤ་ནི་ལྕི་བ་བཞིན་དུ་ལྟུང་བར་འགྱུར། ༡༨ ཡ་ཧོ་ཝཱའི་ཐུགས་ཁྲོའི་ཉིན་མོར། དེ་དག་རང་གི་དངུལ་ལམ་གསེར་གྱིས་དེ་དག་བསྒྲལ་བར་མི་ནུས་ཀྱིས། ཁོང་གི་འགྲན་སེམས་ཀྱི་མེས་ཡུལ་ཁམས་ཐམས་ཅད་ཟ་བར་འགྱུར་རོ། གང་ལ་ཞེ་ན། ཁོང་གིས་འཇིགས་སུ་རུང་བའི་ལུགས་སུ་ཡུལ་མི་ཐམས་ཅད་མེད་པར་མཛད་ཅིང་སྣུབ་པར་འགྱུར་རོ༎