ལུང་སྟོན་པ་ཧ་བཱ་ཁུག་གི་མདོ།
ལུང་སྟོན་པ་ཧ་བཱ་ཁུག་གིས་གཟིགས་པར་གྱུར་པའི་ཞལ་གཟིགས་ཀྱི་བཀའ་མཆིད་ནི།
 ཀྱེ་ཡ་ཧོ་ཝཱ། དུས་ཅི་ཙམ་གྱི་བར་དུ་ངས་འོ་དོད་འདོན་ཡང་ཁྱེད་ཀྱིས་གསན་པར་མི་མཛད། མནན་པའི་རྐྱེན་གྱིས་ངས་ཁྱེད་དྲུང་དུ་འོ་དོད་འདོན་བཞིན་ཁྱེད་ཀྱིས་སྐྱོབ་པར་མི་མཛད།  ཅི་ཕྱིར་ཁྱེད་ཀྱིས་བདག་ལ་ངན་པ་མཐོང་དུ་གནང་། ལས་ལོག་པར་ཁྱེད་གཟིགས་བཞིན་བཞུགས། དེ་ཅིའི་ཕྱིར་ཞེ་ན། ངའི་མདུན་ན་ཚོད་བཅད་དང་དབང་ཤེད་འདུག དེར་འཛིང་འཁྲབ་དང་འཐབ་མོ་ལང་།  དེའི་ཕྱིར་བཀའ་ཁྲིམས་ཉམས་ཏེ། ཁྲིམས་དྲང་པོ་ཡོངས་སུ་མི་རྒྱུག དེ་ཅིའི་ཕྱིར་ཞེ་ན། ཆོས་མེད་པས་ཆོས་དྲང་པོ་མཐའ་ནས་སྐོར་བས། ཞལ་ཆེ་ལོག་པར་དུ་གཅོད་དོ༎
 ཁྱོད་ཕྱི་པའི་ཁྱོད་དུ་ཡོད་པ་རྣམས་ལྟོས་ཤིག་དང་། བལྟ་བཞིན་ལྷག་པར་དུ་ཧ་ལས་ཤིག གང་ལ་ཞེ་ན། ཁྱོད་ཀྱི་དུས་སུ་ངས་ལས་ཤིག་བྱེད། དེ་ནི་ཁྱོད་ལ་འཆད་ཀྱང་ཡིད་མི་ཆེས།  དེ་ཅིའི་ཕྱིར་ཞེ་ན། ལྟོས་ཤིག ངས་ཀལ་དཱི་པ་ངོ་ལྕི་ལ་སྤྲོ་ཐུང་བའི་མི་རྒྱུད་དེ་སློང་སྟེ། རང་གི་མ་ཡིན་པའི་ས་ཆ་རྣམས་ཐོབ་ཏུ་དེ་དག་ས་གཞིའི་མཐའ་མའི་བར་དུ་རྒྱུ།  དེ་རྣམས་གཉན་ལ་འཇིགས་སུ་རུང་བ་སྟེ། ཞལ་ཆེ་དང་ཁྲིམས་གཅོད་པ་དེ་དག་རང་ལས་འཐོན།  དེ་དག་གི་རྟ་རྣམས་གཟིག་ལས་ཀྱང་མགྱོགས། དགོངས་མོར་འཐོན་པའི་སྤྱང་ཀི་རྣམས་ལས་ཀྱང་དྲག དེའི་རྟ་པ་རྣམས་ཡན་ནས་འོང་། དེའི་རྟ་པ་རྒྱང་ནས་འོང་བ་རྣམས་གོ་བོ་རང་གི་ཁ་ཟས་ཟ་རུ་རིངས་པ་དང་འདྲ་བར་འཕུར།  དེ་ཐམས་ཅད་ཆོམ་དུ་འོང་ཞིང་། གདོང་པ་རྣམས་ཤར་རླུང་ལྟར་དུ་འདུན། བཙོན་པ་བྱེ་མ་བཞིན་དུ་སྡུད་པར་བྱེད། ༡༠ རྒྱལ་པོ་རྣམས་ལ་འཕྱ་བར་བྱེད། རྒྱལ་ཕྲན་རྣམས་བཞད་བགད་དུ་འགྱུར། རྫོང་རེ་རེར་བལྟས་ཏེ་དགོད་ཤོར་ཞིང་། སའི་ཕག་ར་བྱས་ནས་ལེན། ༡༡ དེ་ནས་རླུང་ལྟར་འཕོས་ཏེ། སྡིག་པར་སྤྱོད། ངའི་མཐུ་སྟོབས་ངའི་ལྷ་ལས་ཡིན་ཞེས་སེམས་ཤིང་། སྡིག་ཅན་དུ་འགྱུར་འོང་།
༡༢ ཀྱེ་ཡ་ཧོ་ཝཱ་ངའི་དཀོན་མཆོག ཀྱེ་ངའི་དམ་པ་ཉིད། ཁྱེད་ཡེ་ནས་མི་ལགས་སམ། ངེད་འཆི་བར་མི་འགྱུར། ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱིས་དེ་དག་ཞལ་ཆེའི་ཕྱིར་བཞག ཀྱེ་དཀོན་མཆོག་མཐུ་ལྡན། ཁྱེད་ཀྱིས་དེ་དག་ཆད་པའི་ཕྱིར་དུ་བསྐོས། ༡༣ ཁྱེད་ཀྱི་སྤྱན་དམ་པ་ལགས་པས་ངན་པར་གཟིགས་མི་ནུས། མི་ཚངས་པ་ལ་ཁྱེད་གཟིགས་མི་ཐུབ། དེས་ན་ལོག་པར་ཅན་ལ་ཅིའི་ཕྱིར་གཟིགས། མི་ངན་པ་རང་ལས་ལྷག་པར་ཆོས་དྲང་བའི་མི་དེ་མིད་པའི་ཚེ། ཁྱེད་ཅིའི་ཕྱིར་ཞལ་རོག་བཞུགས། ༡༤ སྲིད་སྐྱོང་མེད་པའི་རྒྱ་མཚོའི་ཉ་དང་འབུ་ལྟར། མི་རྣམས་ཅི་ལ་མཛད། ༡༥ ཉ་བེར་གྱིས་དེ་ཐམས་ཅད་ཡར་འཐེན་ཞིང་། རང་གི་ཉ་དོལ་གྱིས་འཛིན་ནས། དོལ་ཆེན་ནང་དུ་སྡུད། དེའི་ཕྱིར་དུ་དགའ་ཞིང་ཡི་རངས་ཏེ། ༡༦ དེའི་ཕྱིར་དུ་རང་གི་ཉ་དོལ་ལ་མཆོད་པ་འབུལ། དོལ་ཆེན་ལ་བདུག་སྤོས་བདུག ༡༧ གང་ལ་ཞེ་ན། དེ་དག་གི་ངང་ནས་དེའི་ཟ་སྐལ་མང་ཞིང་། འཚོ་བ་ནི་ཚིལ་ཡོད། དེའི་ཕྱིར་རང་གི་ཉ་དོལ་སྤྲ་ཞིང་རྟག་ཏུ་མི་བརྒྱུད་རྣམས་ཀྱི་སྲོག་གཅོད་པ་ལས་ལྡོག་གམ༎