མི་སྲོག་གཅོད་པའི་གྲོང་ཁྱེར་བཀྲ་མི་ཤིས། བརྫུན་དང་འཕྲོག་བཅོམ་གྱིས་རྣམ་པར་གང་སྟེ། ལིངས་ནི་རང་ལས་འབུད་དུ་མི་འཇུག་གོ།
 རྟ་ལྕག་གི་སྐད་དང་འཁོར་ལོའི་སྐད་དང་། རྟའི་མཆོང་དཔང་དང་ཤིང་རྟ་འཕར་བའི་སྒྲ།  རྟ་པའི་རལ་གྲིའི་མདངས་དང་མདུང་ལྷག་ལྷག ཤི་བའི་ཚོགས་དང་རོ་ཡི་རི་བོ་ཆེ། རོའི་ཚོད་མེད་པས་རོ་རྣམས་ལ་སྒག་རྒྱབ།  མཛེས་ལ་ངན་ཆོས་བྱེད་པའི་སྨད་འཚོང་མའི། ལོག་གཡེམ་མང་བའི་རྒྱུ་ཡིས་དེ་བཞིན་འབྱུང་། དེས་ལོག་གཡེམ་ངང་ནས་མི་བརྒྱུད་རྣམས་འཚོང་། ངན་ཆོས་ངང་ནས་བརྒྱུད་རྣམས་བཙོང་བར་བྱས།
 ལྟོས་ངས་ཁྱོད་ལ་སྡང་བར་བྱེད་དོ་ཞེས། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་གསུང་ངོ་། ཁྱོད་ཀྱི་སྨད་གཡོག་འཐེན་ནས་གདོང་ལ་དགབ། མི་བརྒྱུད་རྣམས་ལ་ཁྱོད་ཀྱི་གཅེར་བུ་དང་། རྒྱལ་ཁམས་རྣམས་ལ་ཁྱོད་ཀྱི་ཁྲེལ་བསྟན་འོང་།  ངས་མི་གཙང་དྲི་མ་ཁྱོད་ཁར་རྒྱབ་ཅིང་། ཁྱོད་སྐྱེངས་ཤིང་གཏམ་ངན་དང་ལྡན་པར་བྱའོ།  དེ་ནས་ཁྱོད་ལ་ལྟ་མཁན་ཀུན་འབྲོས་འོང་། ནི་ནི་ཝེ་སྟོངས་པར་གྱུར་པས་སུས་ངུ་། ཁྱོད་སེམས་གསོ་མཁན་ངས་གང་ནས་འཚོལ་འོང་།
 ནོ་ཨམ་མོན་ལས་ཁྱོད་བཟང་བ་ཡིན་ནམ། དེ་གཙང་པོ་རྣམས་ཀྱི་མཚམས་ན་ཚུགས་ཏེ། དེའི་ཕྱོགས་བཞི་རུ་ཆུ་དང་རྒྱ་མཚོ། མོ་ཡི་ལྕགས་རི་ཆུ་བོ་ཡོད་པ་ཡིན།  ཀུས་དང་མི་སེར་གཉིས་དེའི་སྟོབས་ཡོད་དེ། མོ་ནི་ཐིག་མཐའ་མེད་པ་ཡོད་པ་ཡིན། ཕུད་དང་ལིབ་ཡཱ་ཁྱོད་ར་མདར་ཡོད་རུང་། ༡༠ ཡུལ་ལས་བསྐྲད་དེ་བཙོན་པར་གྱུར་ནས་སོང་། མོའི་ཕྲུ་གུ་རྣམས་ལམ་སྲང་མགོར་སར་བརྡབས། མོའི་བཙུན་པ་རྣམས་ལ་རྟགས་རིལ་བཏང་སྟེ། དེའི་མི་ཆེན་རྣམས་ལྕགས་སྒྲོག་གིས་བཅིངས་སོ། ༡༡ ཁྱོད་རང་ཡང་རས་བཟི་ཞིང་རང་ཡིབ་འོང་། དགྲ་ལས་ཐར་བའི་སྐྱབས་གནས་འཚོལ་བར་འགྱུར།
༡༢ འགོ་མར་ཚོས་པའི་སེ་ཡབ་ཀྱི་ཤིང་ལྟར། ཁྱོད་ཀྱི་རྫོང་ཀུན་ལ་ཡང་འབྱུང་བར་འགྱུར། སྤྲུག་ན་ཟ་མཁན་མི་ཡི་ཁ་ནང་འབུད། ༡༣ ཁྱོད་དཀྱིལ་ཡོད་པ་རྣམས་ནི་བུད་མེད་འདྲ། ཁྱོད་ཀྱི་ཡུལ་གྱི་རྒྱ་སྒོ་རྣམས་དགྲའི་མདུན། གདངས་ནས་མེས་ཁྱོད་ཀྱི་སྒོ་གཏན་རྣམས་ཟོས། ༡༤ དམག་གིས་བསྐོར་དུས་ཕྱིར་ཆུ་འཆུ་བར་གྱིས། ཁྱོད་རང་གི་རྫོང་རྣམས་བརྟན་པར་གྱིས་ཤིག འདམ་ནང་བོབས་ཤིག་དང་འཇིམ་པ་བརྫིས་ཏེ། བག་གུའི་ཤིང་ཁྱོད་ཀྱིས་འཐམ་པར་གྱིས་ཤིག ༡༥ དེར་མེས་ཁྱོད་ཟ་ཞིང་རལ་གྲིས་གཏུབ་འོང་། དེས་ལྡག་པའི་ཆ་ག་འབུ་བཞིན་ཁྱོད་བཟའ། ལྡག་པའི་ཆ་ག་འབུ་ལྟར་རང་མང་ལ། ཚོགས་པའི་ཆ་ག་འབུ་ལྟར་རྒྱས་པར་བྱོས། ༡༦ རང་གི་ཚོང་པ་རྣམས་རྒྱས་པར་བྱས་ཏེ། ནམ་མཁའི་སྐར་མ་རྣམས་ལས་ལྷག་པར་སོང་། ལྡག་པའི་ཆ་ག་འབུས་བརླགས་ནས་འཕུར་འགྲོ། ༡༧ ཁྱོད་ཀྱི་ཐོར་ཅོག་ཅན་ཆ་ག་འབུ་འདྲ། དམག་དཔོན་རྣམས་ཆ་ག་འབུའི་དམག་ཚོགས་འདྲ། དེ་རྣམས་གྲང་དུས་རྩིག་གསེབ་ནང་དུ་ཞུགས། ཉི་མ་ཤར་དུས་སུ་ཕར་འབྲོས་པར་བྱེད། དེ་ནས་དེ་དག་གི་གནས་སའི་གཏོལ་མེད། ༡༨ ཨ་སུར་རྒྱལ་པོ་ཁྱོད་ཀྱི་རྫི་བོ་རྣམས། གཉིད་ལོག་སྟེ་ཁྱོད་ཀྱི་དམག་དཔོན་རྣམས་ཉལ། ཁྱོད་ཀྱི་འབངས་རྣམས་རི་རྣམས་སུ་ཐོར་ཏོ། དེ་དག་བསྡུ་བར་བྱེད་མཁན་སུ་ཡང་མེད། ༡༩ ཁྱོད་ཀྱི་རྨ་ཁ་ལ་གསོ་ཐབས་ནི་མེད། ཁྱོད་ཀྱི་རྨ་གཟུག་གཟེར་ཅན་ནོ་ཁྱོད་ཀྱི། སྐད་ཆ་ཐོས་ཚད་ཀྱིས་ལག་རྡབ་གཏང་ངོ་། གང་ལ་ཞེ་ན་ཁྱོད་ཀྱི་སེམས་ངན་གྱིས། གཏན་དུ་མ་རུབ་པའི་མི་ཞིག་ཡོད་དམ༎ ༎