གཅོག་པར་བྱེད་མཁན་ཁྱོད་ངོར་འོངས་པས། རྫོང་བརྟན་ཞིང་ལམ་ལ་སོ་པ་གྱིས། རང་རྐེད་ཐར་ཐར་དང་སྟོབས་ཀུན་གྱིས། ཁྱོད་ཅག་རང་རྣམས་བརྟན་པར་གྱིས་ཤིག  དེ་ཅི་ཡི་ཕྱིར་དུ་ཞེས་པ་ན། སྟོང་པ་བྱེད་མཁན་རྣམས་ཀྱིས་དེ་རྣམས། སྟོང་པ་དང་ཡལ་ག་བཅད་ཡོད་རུང་། ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བརྗིད་འདྲར། ཡ་ཀོབ་ལ་བརྗིད་སླར་གནང་བར་མཛད།  དཔའ་བོ་རྣམས་ཀྱི་ཕུབ་དམར་པོ་ཡོད། དམག་གི་སྐྱེ་བོས་གོས་མཚལ་ཁ་གྱོན། དེ་ཤོམ་པའི་ཉིན་པར་ཤིང་རྟ་རྣམས། མེ་འབར་བའི་ལྕགས་ཀྱིས་བརྒྱན་ནས་འདུག མདུང་རྣམས་ཀྱང་དྲག་ཏུ་དབྱུག་པར་བྱེད།  ལམ་སྲང་ན་ཤིང་རྟ་རྣམས་རྒྱུག་ཅིང་། ལམ་མདོ་ནང་དེ་རྣམས་ཕར་ཚུར་འགྲུལ། སྤ་འབར་ལྟར་དུ་དེ་རྣམས་སྣང་སྟེ། གནམ་གློག་ལྟར་དེ་རྣམས་འཁྱུག་སེ་འཁྱུག
 ཁོང་གི་དཔའ་བོ་རྣམས་ཐུགས་སུ་དྲན། དེ་དག་འགྲུལ་བ་ལས་འཐོས་འཕོག་ཅིང་། རྩིག་པར་འཛེག་ཏུ་ཚ་དྲག་བྱེད་དེ། དེ་རྣམས་ཀྱིས་སྐྱོབ་ཐོག་ཤོམ་པར་བྱེད།  གཙང་པོའི་སྒོ་འབྱེ་ཞིང་རྒྱལ་ཁབ་འཇིག  འདི་ལྟར་ཐག་ཆད་པར་གྱུར་ཟིན་པས། མོ་གོས་མེད་བཙོན་དུ་ཕར་ཕྱོགས་འཁྲིད། ཞལ་ལྟ་མ་རྣམས་ཕུག་རོན་གྱི་སྒྲ། འདོན་ཞིང་མྱ་ངན་དང་བྲང་རྡུང་གཏོང་།  སྔར་ནི་ནི་ཝེ་ཆུའི་རྫིང་དང་འདྲ། འོན་ཀྱང་དེ་རྣམས་འབྲོས་པར་བྱེད་ཅིང་། ཀེ་རེ་སྡོད་ཀེ་རེ་སྡོད་འབོད་ཀྱང་། མི་སུས་ཀྱང་ཕྱི་མིག་མི་ལྟའོ།  ཁྱོད་ཀྱིས་དངུལ་དང་གསེར་རྣམས་ཕྲོག་ཅིག ཅི་ལ་ནོར་ནི་དཔག་ཏུ་མེད་པས། མཛེས་པའི་ཡོ་བྱད་ཀུན་མོད་མོད་འདུག ༡༠ མོ་ནི་སྟོང་པ་དབེན་པ་སྟོངས་འདུག སྙིང་འཇུ་ཞིང་པུས་མོ་འདར་བ་ནི། ཀློང་ཀུན་ལ་ཟུག་གཟེར་རབ་ཏུ་ཆེ། དེ་ཀུན་གྱི་གདོང་རྩི་ཡལ་ནས་འདུག
༡༡ སེང་མོའི་ཚང་དང་སེང་ཕྲུག་རྣམས་ཀྱི། ཟས་ཐོབ་པའི་ས་ཆ་ག་ན་ཡོད། དེར་སེང་གེ་སེང་མོ་སེང་ཕྲུག་རྣམས། དཀྲོག་མཁན་མེད་པར་ཕན་ཚུན་དུ་འཁོར། ༡༢ སེང་གེས་རང་ཕྲུག་ལྡང་བ་བསེད་དེ། སེང་མོའི་དོན་དུ་སྐྱེ་བསྡམས་ནས་བསད། བྲག་ཕུག་ལིངས་དང་ཚང་ཐེང་རོས་བཀང་།
༡༣ ཀྱེ་ཧོ་ངས་ཁྱོད་ལ་སྡང་ངོ་ཞེས། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་གསུང་། དུ་བའི་ནང་ཞོན་པ་རྣམས་ངས་སྲེག སེང་དར་མ་རྣམས་རལ་གྲིས་ཟ་འོང་། ཁྱོད་ཀྱི་ལིངས་ས་ལས་མེད་པར་བྱ། སླར་ཁྱོད་ཀྱི་ཕོ་ཉའི་སྐད་མི་ཐོས༎