ལུང་སྟོན་པ་མི་ཀཱའི་མདོ།
༡
ཡ་ཧུ་དཱའི་རྒྱལ་པོ་ཡོ་ཐམ་དང་ཨ་ཧས་དང་ཧིས་ཀི་ཡཱའི་དུས་སུ་ཡ་ཧོ་ཝཱའི་བཀའ་མོ་རེ་ཤེད་པ་མི་ཀཱ་ལ་བྱུང་ནས། དེས་ས་མར་ཡཱ་དང་ཡེ་རུ་ཤ་ལེམ་གྱི་སྐོར་དུ་མཐོང་བར་གྱུར་པ་ནི།༢ ཀྱེ་མི་སྡེ་ཐམས་ཅད། འདིར་ཉོན་ཅིག ཀྱེ་ས་གཞི་དང་། དེའི་ནང་ན་གནས་པ་ཐམས་ཅད་ཀྱིས་རྣ་བ་ཐོད་ཅིག་དང་། ཡ་ཧོ་ཝཱ་གཙོ་བོ། འོ་ན་གཙོ་བོས་ཉིད་ཀྱི་མཆོད་ཁང་དམ་པ་ལས་ཁྱོད་ཀྱི་ཁར་དཔང་མཛད་དུ་ཆུག ༣ དེ་ཅིའི་ཕྱིར་ཞེ་ན། ཀྱེ་ཧོ། ཡ་ཧོ་ཝཱ་ཉིད་ཀྱི་ཕོ་བྲང་ལས་ཕྱིར་འཐོན་ཞིང་མར་འབྱོན་པར་འགྱུར། སའི་གནས་མཐོན་པོ་རྣམས་ཞབས་ཀྱིས་རྫི་བར་འགྱུར། ༤ མེའི་མདུན་དུ་སྤྲ་ཚིལ་འཇུ་བ་དང་། གཟར་པོ་ལས་འབབ་པའི་ཆུ་མང་བཞིན་དུ། རི་བོ་ཐམས་ཅད་ཁོང་གི་འོག་ན་འཇུ་ཞིང་། ལུང་པ་རྣམས་འགེས་པར་འགྱུར། ༥ འདི་ཐམས་ཅད་ཡ་ཀོབ་ཀྱི་མཚམས་མེད་པ་དང་། ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་ཉེས་སྡིག་གི་རྐྱེན་གྱིས་ཡིན་ནོ། ཡ་ཀོབ་ཀྱི་མཚམས་མེད་པ་དེ་ཅི་ཡིན། དེ་ནི་ས་མར་ཡཱ་མིན་ནམ། ཡ་ཧུ་དཱའི་མཐོ་གླིང་རྣམས་ཅི་ཡིན། དེ་རྣམས་ནི་ཡེ་རུ་ཤ་ལེམ་མིན་ནམ། ༦ དེ་བས་ན་ངས་ས་མར་ཡཱ་ནི་ཞིང་གི་ཕུང་པོ་ལྟ་བུ་དང་། རྒུན་ཤིང་འཛུག་ས་རྣམས་དང་འདྲ་བར་བསྒྱུར་བར་བྱ། དེའི་རྡོ་རྣམས་ལུང་པར་བསྒྲིལ་ཞིང་། རྨང་རྣམས་འདོན་པར་བྱ། ༧ དེའི་བཙོག་སྐུ་ཐམས་ཅད་ཕྱེ་མ་རུ་བཏགས་ཏེ། རྔན་པར་ཐོབ་པའི་རྫས་རྣམས་མེས་བསྲེགས་ནས། དེའི་སྐུ་འདྲ་རྣམས་ངས་མེད་དུ་བྱའོ། དེ་ཅིའི་ཕྱིར་ཞེ་ན། མོས་དེ་རྣམས་སྨད་འཚོང་མའི་རྔན་པ་ལས་བསགས་པས། སླར་ཡང་དེ་རྣམས་སྨད་འཚོང་མའི་རྔན་པར་འགྱུར་བར་འགྱུར།
༨ དེའི་ཕྱིར་ངས་སྨྲེ་སྔགས་འདོན་ཞིང་མྱ་ངན་བྱ། གོས་མེད་གཅེར་བུར་རྒྱུ་བར་བྱ། དུར་སྤྱང་རྣམས་ལྟར་དུ་ཞིང་། བྱ་རྔ་བོང་རྣམས་ལྟར་ཆོ་ངེས་བྱའོ། ༩ དེ་ཅིའི་ཕྱིར་ཞེ་ན། དེའི་རྨ་ནི་གསོ་ཐབས་མེད་པས། ཡ་ཧུ་དཱ་རུའང་བསླེབས་ནས། ངའི་མི་བརྒྱུད་ཀྱི་སྒོའི་བར་དུ། འོ་ན། ཡེ་རུ་ཤ་ལེམ་གྱི་བར་དུའང་བསླེབས་སོ། ༡༠ གད་ནང་དེའི་ཕྲིན་མ་སྐུར་ཞིག ཁྱོན་ནས་མ་ངུ་ཞིག བེད་ཨབ་རཱ་༼བོད་སྐད་དུ་རྡུལ་ཁྱིམ་༽ན་རྡུལ་གྱི་ནང་ན་འགྲེ་ལྡོག་བྱོས་ཤིག ༡༡ ཀྱེ་ས་ཕིར་ན་གནས་པ་རྣམས། སྒྲེན་མོ་རུ་ངོ་ཚ་ཞིང་ཕར་སོང་ཞིག ཟཱ་ནན་དུ་གནས་པ་རྣམས་ཕྱི་རོལ་དུ་མི་འཐོན་ཏེ། བེད་ཨེ་ཟེལ་གྱི་མྱ་ངན་གྱིས་རྐྱེན་ཏེ་དེར་ཁྱོད་ལ་བྲང་ས་རྙེད་པར་མི་འགྱུར་རོ། ༡༢ ཡ་ཧོ་ཝཱའི་ཕྱོགས་ལས་ཡེ་རུ་ཤ་ལེམ་གྱི་རྒྱ་སྒོའི་བར་དུ་རྐྱེན་ངན་བབ་པས། མ་རོད་ན་གནས་པ་རྣམས་དུས་བདེའི་ཕྱིར་འཁུན་ནོ། ༡༣ ཀྱེ་ལཱ་ཁིས་ན་གནས་པ་རྣམས། ཤིང་རྟ་ལ་རྟ་བང་ཅན་ཆུག་ཅིག ཨིས་ར་ཨེལ་གྱི་མཚམས་མེད་པ་རྣམས་ཁྱོད་ནང་བརྙེས་པས་ན། ཁོ་མོ་ཙི་ཨོན་གྱི་བུ་མོའི་སྡིག་པའི་ཐོག་མར་གྱུར་ཏོ། ༡༤ དེའི་ཕྱིར་ཁྱོད་ཀྱིས་མོ་རེ་ཤེད་གད་བྱ་བ་ལ་འཐུད་བསྐང་བཏང་སྟེ། ཨག་ཟིབ་ཀྱི་ཁྱིམ་རྣམས་ཀྱིས་ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་མགོ་སྐོར་བར་འགྱུར་རོ། ༡༥ ཀྱེ་མ་རེ་ཤཱ་ལ་གནས་པ་རྣམས། ད་དུང་ཁྱོད་བདག་པོ་རྒྱབ་མཁན་ཁྱོད་ཀྱི་ཁྲོད་དུ་འཁྲིད་ཅིང་། ཨིས་ར་ཨེལ་གྱི་གྲགས་པའི་ཨ་དུལ་ལམ་དུ་དེ་ཕྱིན་འོང་། ༡༦ ཁྱོད་སྤྱི་ཐེར་བྱོས་ལ། རང་གི་བུ་གཅེས་པ་དག་གི་ཕྱིར་སྐྲ་འབྲོག་ཅིག དེ་དག་ཁྱོད་ལས་བཙོན་དུ་སོང་བས། གོ་བོ་འདྲར་སྤྱི་ཐེར་ལྷག་པར་བྱོས་ཤིག།