ལུང་སྟོན་པ་ཡོ་ནཱའི་མདོ།
༡
ཨ་མི་ཐཱ་ཨིའི་བུ་ཡོ་ནཱ་ལ་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་དུ། ༢ ལོངས་ལ་གྲོང་ཁྱེར་ཆེན་པོ་ནི་ནི་ཝེ་བྱ་བ་ལ་སོང་སྟེ། དེ་ལ་རྒོལ་བའི་ཀུ་སྒྲ་ཐོང་ཞིག དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་བྱ་བ་ངན་པ་ཡར་ངའི་དྲུང་དུ་འོངས་པའི་ཕྱིར་རོ། ཞེས་གསུངས་སོ། ༣ འོན་ཀྱང་ཡོ་ནཱ་ནི་ཡ་ཧོ་ཝཱའི་སྤྱན་དྲུང་ནས་འབྲོས་པའི་ཕྱིར་ཡོ་ཕཱ་རུ་བབས་ཏེ། དེར་ཐར་ཤིས་ལ་ཆས་པའི་གྲུ་གཟིངས་ཤིག་ཐོབ་ནས། དེའི་གླ་སྤྲད་དེ། དེ་དག་དང་ལྷན་ཅིག་ཏུ་ཡ་ཧོ་ཝཱའི་སྤྱན་དྲུང་ནས་ཐར་ཤིས་སུ་འགྲོ་བའི་ཕྱིར་དེའི་ནང་དུ་ཞུགས་སོ༎༤ འོན་ཀྱང་ཡ་ཧོ་ཝཱས་རྒྱ་མཚོར་རླུང་དྲག་ཆེན་པོ་ཞིག་མངགས་ནས། གྲུ་ཆག་པར་འགྱུར་བསྙམ་པ་ཙམ་དུ་རྒྱ་མཚོར་ཆུའི་འཁྲུགས་པ་ཆེ་བར་གྱུར་ཏོ། ༥ དེ་ནས་གྲུ་པ་རྣམས་དངང་སྐྲག་པར་གྱུར་ཏེ། རེ་རེས་རང་གི་ལྷ་ལ་བོས། གྲུ་ཡང་བར་བྱེད་དུ་དེའི་ནང་ན་ཡོད་པའི་ཟོང་རྣམས་རྒྱ་མཚོར་དབྱུགས། འོན་ཀྱང་ཡོ་ནཱ་གྲུའི་སྦུགས་སུ་ཞུགས་ནས་ཉལ་ཞིང་གཉིད་ལོག་གོ། ༦ དེའང་གྲུ་དཔོན་དེའི་རྩར་འོངས་ནས་ཁོ་ལ། ཀྱེ་གཉིད་ཅན། ཁྱོད་གཉིད་ལོག་པ་དེ་ཅི་ཡིན། ལོངས་ལ། རང་གི་ལྷ་ལ་བོས་ཤིག ཇི་སྟེ་ལྷ་དེས་ངེད་ཐུགས་སུ་དྲན་ན། ངེད་འཆི་བར་མི་འགྱུར་རོ༎
༧ དེ་དག་རེ་རེ་བཞིན་གཅིག་ལ་གཅིག་གིས། ཤོག་ལ། བར་ཆོད་འདི་སུའི་རྐྱེན་གྱིས་ངེད་ལ་བབས་པ་རྟགས་རིལ་གྱིས་བརྟག་པར་བྱའོ་སྨྲས་ནས། རྟགས་རིལ་བཏང་ནས། ཡོ་ནཱ་ལ་རྒྱན་ཕོག་པར་གྱུར་ཏོ། ༨ དེ་ནས་དེ་དག་གིས་དེ་ལ། ཅིའི་རྐྱེན་གྱིས་བར་ཆོད་འདི་ངེད་ལ་བྱུང་བ་འཆད་རོགས་མཛོད། ཁྱོད་ཀྱི་ལས་ཚན་ཅི་ཡིན་དང་གང་ནས་འོངས། ཕ་ཡུལ་གང་ཡིན། མི་བརྒྱུད་གང་ལས་ཡིན། ཞེས་སྨྲས་པས། ༩ དེས་དེ་དག་ལ། ང་ནི་ཨིབ་རི་པ་སྟེ། རྒྱ་མཚོ་དང་སྐམ་ས་མཛད་པའི་ནམ་མཁའི་དཀོན་མཆོག་ཡ་ཧོ་ཝཱ་ལ་ངས་བག་བྱེད་དོ་ཞེས་པས། ༡༠ དེ་དག་རབ་ཏུ་འཇིགས་ནས་ཁོ་ལ། ཁྱོད་ཀྱིས་བྱས་པ་དེ་ཅི་ཡིན་ཞེས་སྨྲས་སོ། དེ་ཅིའི་ཕྱིར་ཞེ་ན། དེས་བཤད་པའི་རྐྱེན་གྱིས་དེ་ནི་དཀོན་མཆོག་གི་སྤྱན་དྲུང་ནས་བྲོས་པར་གྱུར་པ་བརྟགས་ནས།
༡༡ ཁོ་ཚོས་དེ་ལ། རྒྱ་མཚོ་ཞི་བའི་ཕྱིར་ངེད་ཀྱིས་ཁྱོད་ལ་ཅི་བྱ། ཞེས་དྲིས་སོ། དེ་ཅིའི་ཕྱིར་ཞེ་ན། རྒྱ་མཚོ་ཇེ་ཆེར་འཁྲུགས་པར་གྱུར་བས་སོ། ༡༢ དེ་ནས་ཁོས་དེ་རྣམས་ལ། ཁྱོད་ཅག་གིས་ང་ཐོགས་ཤིང་རྒྱ་མཚོར་སྐྱུར་ཞིག་དང་། ཁྱོད་ཚོ་ལ་རྒྱ་མཚོ་ཞི་བར་འགྱུར་རོ། གང་ལ་ཞེ་ན། ངའི་རྐྱེན་གྱིས་རླུང་དྲག་ཆེན་པོ་འདི་ཁྱོད་ཅག་ལ་བབས་པ་ངས་ཤེས་སོ་སྨྲས་ཀྱང་། ༡༣ གྲུ་པ་རྣམས་ཀྱིས་སྐམ་སར་སླེབ་ཏུ་སྐྱ་རྣམས་དྲག་ཏུ་བརྒྱབས་ཀྱང་མ་ནུས། དེ་ཅིའི་ཕྱིར་ཞེ་ན། དེ་དག་དང་མི་མཐུན་པའི་རྒྱ་མཚོ་ཡི་འཁྲུགས་པ་ལྷག་པར་འཕེལ་འཕེལ་བ་དང་། ༡༤ དེ་དག་གིས་ཡ་ཧོ་ཝཱ་ལ་འོ་དོད་བཏོན་ནས། ཀྱེ་ཡ་ཧོ་ཝཱ། ངེད་ཅག་མི་འདིའི་སྲོག་གིས་རྐྱེན་ཏེ་སྲོག་དང་འབྲལ་བར་མ་གྱུར་ཅིག་དང་། མི་ཤ་ངེད་ལ་འགེལ་བར་མ་མཛད། ཅེས་ཁྱེད་ལ་གསོལ་ལོ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་ཡ་ཧོ་ཝཱ། ཁྱེད་ཀྱིས་ཇི་ལྟར་མཉེས་པ་དེ་བཞིན་དུ་བསྒྲུབས་སོ། ཞེས་ཞུས་ནས། ༡༥ དེ་དག་གིས་ཡོ་ནཱ་ཐོགས་ཤིང་རྒྱ་མཚོར་ཕངས་པ་དང་། རྒྱ་མཚོའི་འཁྲུགས་པ་ཆད་དོ། ༡༦ དེ་ནས་ཁོ་རྣམས་ཡ་ཧོ་ཝཱ་ལ་ཤིན་ཏུ་འཇིགས་ཤིང་། ཡ་ཧོ་ཝཱའི་དྲུང་དུ་མཆོད་པ་ཕུལ་ནས་དམ་བཅའ་རྣམས་ཀྱང་བཅས་སོ༎
༡༧ དེའང་ཡ་ཧོ་ཝཱས་ཡོ་ནཱ་མིད་པའི་ཕྱིར་ཉ་ཆེན་པོ་ཞིག་བསྐོས་བཞག་པས། ཡོ་ནཱ་ཉིན་མཚན་གསུམ་དུ་ཉའི་ལྟོ་བར་ལུས་སོ༎