ལུང་སྟོན་པ་ཨོ་བད་ཡཱའི་མདོ།
ཨོ་བད་ཡཱའི་ཞལ་གཟིགས་ནི། ཡ་ཧོ་ཝཱ་གཙོ་བོས་ཨེ་དོམ་གྱི་སྐོར་དུ་འདི་སྐད་གསུང་ངོ་། ངེད་ཀྱིས་ཡ་ཧོ་ཝཱ་ལས་ཕྲིན་ཞིག་ཐོས་ཏེ། ཕྱི་པ་རྣམས་ཀྱི་ཁྲོད་དུ་ཕོ་ཉ་ཞིག་མངགས་ཤིང་དེ་དག་ལ། ལོངས་ལ་ཚུར་ཤོག ངེད་ཅག་མོ་དང་འཐབ་ཏུ་འགྲོ་བར་བྱའོ། ཞེས་སྨྲས་སོ།  ལྟོས་ཤིས། ངས་ཁྱོད་མི་བརྒྱུད་རྣམས་ཀྱི་ཁྲོད་དུ་དམན་སར་ཕབ་སྟེ། ཁྱོད་རབ་ཏུ་བརྙས་པར་གྱུར་པའོ།  ཁྱོད་རང་གི་སྙིང་གི་ང་རྒྱལ་གྱིས་ཁྱོད་བསླུས། ཀྱེ་བྲག་གི་ཕུག་པ་རྣམས་ལ་གཞིས་འཛིན་པ་ཁྱོད། ཁྱོད་ཀྱི་སྡོད་གནས་མཐོ་བས། ཁྱོད་ཀྱིས་རང་གི་སྙིང་ན་སུས་ང་མར་ས་ལ་འབེབས་པར་བྱ་ཞེས་ཟེར།  ཇི་སྟེ་ཁྱོད་གླག་འདྲར་ཡར་འཕགས་རུང་། སྐར་མའི་གསེབ་ཏུ་ཚང་བྱེད་ཀྱང་། ངས་ཁྱོད་དེ་ནས་ཀྱང་མར་འབེབས་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་།  ཁྱོད་ཇི་ལྟར་སྟོངས། ཇི་ལྟེ་ཁྱོད་ལ་རྐུན་པོའམ། མཚན་མོར་ཇག་པ་རྣམས་འོང་ན། དེ་དག་གིས་འདོད་པ་འབའ་ཞིག་མི་རྐུའམ། གལ་ཏེ་རྒུན་སྒྲུག་མཁན་རྣམས་ཁྱོད་རྩར་འོང་ན། དེ་དག་གིས་རྒུན་འབྲུམ་རེ་གཉིས་མི་འབོར་རམ།  ཨེ་སབ་ཀྱི་རྫས་རྣམས་ཇི་ལྟར་སློང་བར་བྱས། དེའི་སྦ་ཁུང་རྣམས་ཇི་ལྟར་སློངས།  ཁྱོད་དང་ཁ་ཆད་བྱས་པ་རྣམས་ཀྱིས་ཁྱོད་ས་མཚམས་བར་དུ་བསྐྲད། ཁྱོད་དང་འཆམ་པ་རྣམས་ཀྱིས་ཁྱོད་མགོ་བསླུས་ཏེ་བཅོམས། ཁྱོད་ཀྱི་བག་ལེབ་ཟ་བ་རྣམས་ཀྱིས་ཁྱོད་ཀྱི་འོག་ཏུ་རྙི་བཙུགས། དེའི་ནང་ན་གོ་བ་སུ་ལའང་མེད།  ངས་ཉིན་མོ་དེར་ཨེ་དོམ་ཡུལ་ནས་མི་མཁས་པ་རྣམས་དང་། ཨེ་སབ་ཀྱི་རི་བོ་ལས་བློ་གྲོས་མེད་པར་མི་བྱའམ། ཞེས་ཡ་ཧོ་ཝཱས་གསུང་ངོ་།  ཀྱེ་ཐེ་མནཨེ་སབ་ཀྱི་རི་བོར་གནས་པ་རེ་རེ་བཞིན་དུ་སྲོག་དང་འབྲལ་བའི་ཕྱིར། ཁྱོད་ཀྱི་དཔའ་བོ་རྣམས་དཔའ་འཁུམ་པར་འགྱུར་རོ། ༡༠ ཁྱོད་རང་གི་ནུ་བོ་ཡ་ཀོབ་ལ་བྱས་པའི་དབང་ཆོས་ཀྱི་རྐྱེན་གྱིས་ཁྱོད་ངོ་ཚ་བས་གཡོག་ཅིང་མཐའ་མེད་པའི་བར་དུ་འཇིག་པར་འགྱུར་རོ། ༡༡ ཁྱོད་དེའི་ཕ་རོལ་པའི་ཕྱོགས་སུ་ལངས་པའི་ཞག་ལ། མི་ཡན་ཚོས་དེའི་ནོར་རྫས་འཕྲོག་ཁྱེར་ཏེ། རྒྱལ་ཁམས་པ་རྣམས་དེའི་རྒྱ་སྒོར་ཞུགས་ནས། ཡེ་རུ་ཤ་ལེམ་ལ་རྒྱན་བརྒྱབས་པའི་ཚེ་ན། ཁྱོད་ཀྱང་དེ་དག་ལས་གཅིག་དང་འདྲ་བ་ཡོད་པ་ཡིན། ༡༢ རང་གི་སྤུན་སྤྱུགས་པའི་ཚེ་དེ་ལ་ལྟ་བ་དང་། ཡ་ཧུ་དཱའི་བུ་རྣམས་འཇིག་པའི་ཉིན་མོར། དགའ་བ་དང་། སྡུག་བསྔལ་གྱི་ཉིན་མོར་ང་རྒྱལ་གྱི་གཏམ་བྱེད་པ། ཁྱོད་ལ་མི་འོས་སོ། ༡༣ ངའི་མི་སྡེ་སྡུག་བསྔལ་བའི་དུས་སུ་དེའི་རྟ་སྒོ་ལས་འཛུལ་བ། ཁྱོད་ལ་མི་འོས་སོ། འོ་ན། དེ་དག་གི་སྡུག་བསྔལ་གྱི་ཉིན་མོར་དེའི་མྱ་ངན་ལ་ལྟ་བ་དང་། དེ་དག་གི་སྡུག་བསྔལ་གྱི་ཉིན་མོར་དེའི་ནོར་རྫས་ལ་ལག་དར་པ། ཁྱོད་ལ་མི་འོས་སོ། ༡༤ ཁྱོད་བཞི་མདོར་ལངས་ཏེ་དེའི་འབྲོས་པའི་མི་རྣམས་ཀྱི་སྲོག་གཅོད་པའམ། དེའི་སྡུག་བསྔལ་གྱི་ཉིན་མོར་དེའི་ལྷག་མ་རྣམས་བཟུང་བའང་། ཁྱོད་ལ་མི་འོས་སོ༎
༡༥ དེའང་ཡ་ཧོ་ཝཱའི་ཉིན་མོ་མི་བརྒྱུད་ཀུན་གྱི་སྟེང་དུ་འབྱོན་དུ་ཉེ་སྟེ། ཁྱོད་ཀྱིས་བྱས་པ་བཞིན་དུ་ཁྱོད་ལའང་བྱའོ། ཁྱོད་ཀྱི་ལས་ནི་ཁྱོད་རང་གི་མགོར་འབབ་པར་འགྱུར། ༡༦ གང་ལ་ཞེ་ན། ཁྱོད་ཀྱིས་ངའི་རི་བོ་དམ་པར་བཏུངས་པ་དེ་བཞིན་དུ། མི་བརྒྱུད་ཀུན་གྱིས་རྟག་ཏུ་འཐུང་བར་འགྱུར། འོ་ན། དེ་དག་འཐུང་ཞིང་མིད་པར་བྱ་སྟེ། ཡོངས་སུ་མེད་པ་ལྟར་དུ་འགྱུར་བར་འགྱུར། ༡༧ འོན་ཀྱང་རི་བོ་ཙི་ཨོན་ལ་ཐར་པ་རྣམས་གནས་ཤིང་། དེ་ནི་དམ་པར་འགྱུར་བར་འགྱུར། ཡང་ཡ་ཀོབ་ཀྱི་མི་བརྒྱུད་ཀྱིས་རང་གི་ནོར་སྐལ་རྣམས་བདོག་པར་འགྱུར། ༡༨ དེ་ནས་ཡ་ཀོབ་ཀྱི་མི་བརྒྱུད་ནི་མེ་དང་། ཡོ་སེབ་ཀྱི་མི་བརྒྱུད་ནི་མེ་ལྕེ་དང་། ཨེ་སབ་ཀྱི་མི་བརྒྱུད་ནི་སོག་རོ་ལ་གྱུར་ཏེ། དེའི་ནང་ལ་འབར་ཞིང་ཟ་བར་བྱ་སྟེ། ཨེ་སབ་ཀྱི་མི་བརྒྱུད་ལས་སུའང་ལུས་པར་མི་འགྱུར། ཅི་ལ་ཞེ་ན། ཡ་ཧོ་ཝཱས་འདི་གསུངས་པ་ལགས། ༡༩ ལྷོ་པ་རྣམས་ཀྱིས་ཨེ་སབ་ཀྱི་རི་དང་། ཐང་ལ་གནས་པ་དག་གིས་ཕེ་ལེ་ཤེད་ཀྱི་ཡུལ་ལ་དབང་བར་འགྱུར། ཡང་དེ་དག་གིས་ཨེབ་ར་ཨིམ་གྱི་ཞིང་ཁ་དང་ས་མར་ཡཱའི་ཞིང་ཁ་བདོག་པར་བྱ་བ་དང་། བེན་ཡ་མིན་གྱིས་གིལ་ཨད་བདོག་པར་འགྱུར། ༢༠ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་དམག་དཔུང་གི་ནང་ནས་བཙོན་ལ་ཡོད་པ་ཐམས་ཅད་ཀྱིས་ཀ་ན་ཨན་པའི་དབུས་ཀྱི་ཚར་ཕད་ཀྱི་བར་དུ་དང་། སེ་ཡུབ་རཱད་ན་ཡོད་པའི་ཡེ་རུ་ཤ་ལེམ་གྱི་བཙོན་པ་རྣམས་ཀྱིས་ལྷོའི་གྲོང་ཁྱེར་རྣམས་བདོག་པར་འགྱུར། ༢༡ ཡང་ཨེ་སབ་ཀྱི་རི་ལ་ཞལ་ཆེ་གཅད་དུ་སྒྲོལ་མཛད་རྣམས་རི་བོ་ཙི་ཨོན་གྱི་ཁར་ཡར་འབྱོན་པར་འགྱུར། ཡང་དབང་སྲིད་ནི་ཡ་ཧོ་ཝཱའི་ཡིན་པར་འགྱུར་རོ༎ ༎