ལུང་སྟོན་པ་ཨ་མོས་ཀྱི་མདོ།
ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱའི་ཉིན་མོ་རྣམས་དང་། ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨས་ཀྱི་བུ་ཡེ་རོབ་ཨམ་གྱི་ཉིན་མོ་རྣམས་ན། ས་འགུལ་ནས་ལོ་གཉིས་ཀྱི་སྔར་ཏེ་ཀོ་ཨའི་རྫི་བོ་རྣམས་ལས་ཡིན་པའི་ཨ་མོས་ཀྱིས་ཨིས་ར་ཨེལ་གྱི་སྐོར་ཞལ་གཟིགས་སུ་མཐོང་བའི་གསུང་རྣམས་ནི།
 དེས་ན་རེ། ཡ་ཧོ་ཝཱས་ཙི་ཨོན་ནས་ང་རོ་འདོན་ཞིང་། ཡེ་རུ་ཤ་ལེམ་ནས་འབོད་བསྒྲག་པར་འགྱུར། དེ་ནས་རྫི་བོ་རྣམས་ཀྱི་རྩྭ་ཁས་ཆོ་ངེས་བྱེད་ཅིང་། ཀར་མེལ་གྱི་རྩེ་མོ་སྐམ་པར་འགྱུར་རོ་༎
 ཡ་ཧོ་ཝཱས་འདི་སྐད་གསུང་། ད་མཱ་སེག་གི་ཉེས་ལྟུང་གསུམ་འོ་ན་བཞིའི་དོན་དུ་ངས་དེ་མི་དབུད། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་གཡུལ་འཐག་གི་ལྕགས་ཀྱི་ལག་ཆས་ཀྱིས་གིལ་ཨད་བཏགས་པའི་ཕྱིར་རོ།  དེ་བས་ན་ངས་ཧ་ཟ་ཨེལ་གྱི་ཁྱིམ་དུ་མེ་བརྫང་ནས། དེས་བེན་ཧ་དད་ཀྱི་རྒྱལ་ཁབ་རྣམས་ཟ་བར་འགྱུར།  ཡང་ངས་ད་མཱ་སེག་གི་སྒོ་གཏན་གཅག ཨ་ཝེན་ལུང་པར་གནས་མཁན་དང་། བེད་ཨེ་དེན་གྱི་འཁར་བ་འཛིན་བ་དང་བཅས་སུ་གཅོད་པར་བྱ་སྟེ། ཨ་རམ་པ་རྣམས་བཙོན་པར་གྱུར་ནས་ཀིར་དུ་ཆས་པར་འགྱུར། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
 ཡ་ཧོ་ཝཱས་འདི་སྐད་གསུང་། ག་ཟཱའི་ཉེས་ལྟུང་གསུམ་འོ་ན་བཞིའི་དོན་དུ་ངས་དེ་མི་དབུད། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཡུལ་རྣམས་ཧྲིལ་པོར་བཙོན་དུ་བཟུང་སྟེ་ཨེ་དོམ་པ་ལ་གཏད་དུ་ཁྲིད་པས།  ངས་ག་ཟཱའི་ལྕགས་རིར་མེ་བརྫངས་ནས། དེས་དེའི་རྒྱལ་ཁབ་རྣམས་ཟ་བར་འགྱུར།  ཡང་ངས་ཨས་དོད་དུ་གནས་མཁན་དང་། ཨས་ཀ་ལོན་གྱི་འཁར་བ་འཛིན་པ་དང་བཅས་སུ་གཅོད་པར་བྱ་སྟེ། ཨེག་རོན་གྱི་ཐད་དུ་རང་གི་ལག་པ་བསྒྱུར་བ་དང་། ཕེ་ལེ་ཤེད་པའི་ལྷག་མ་ནུབ་པར་འགྱུར། ཞེས་ཡ་ཧོ་ཝཱ་གཙོ་བོས་གསུང་ངོ་༎
 ཡ་ཧོ་ཝཱས་འདི་སྐད་གསུང་། ཚོར་གྱི་ཉེས་ལྟུང་གསུམ་འོ་ན་བཞིའི་དོན་དུ་ངས་དེ་མི་དབུད། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཡུལ་རྣམས་ཧྲིལ་པོར་བཙོན་དུ་བཟུང་སྟེ་ཨེ་དོམ་པ་ལ་བཏད་དེ། སྤུན་ལུགས་ཀྱི་ཆད་དོན་དེ་མ་དྲན་པས། ༡༠ ངས་ཚོར་གྱི་ལྕགས་རིར་མེ་བརྫངས་ནས། དེས་དེའི་རྒྱལ་ཁབ་རྣམས་ཟ་བར་འགྱུར་རོ༎
༡༡ ཡ་ཧོ་ཝཱས་འདི་སྐད་གསུང་། ཨེ་དོམ་གྱི་ཉེས་ལྟུང་གསུམ་འོ་ན་བཞིའི་དོན་དུ་ངས་དེ་མི་དབུད། དེ་ཅིའི་ཕྱིར་ཞེ་ན། དེས་རལ་གྲི་འཆང་ཞིང་རང་གི་སྤུན་ལ་བདས་ཏེ། རང་གི་སྙིང་རྗེ་ཀུན་སྤངས་ནས། རྒྱུན་དུ་ཁོང་ཁྲོ་འབར་ཞིང་། གཏན་དུ་ཁོང་ཁྲོ་བཞག་པས། ༡༢ ངས་ཐེ་མན་ལ་མེ་བརྫངས་ནས། དེས་བོས་རཱའི་རྒྱལ་ཁབ་རྣམས་ཟ་བར་འགྱུར་རོ༎
༡༣ ཡ་ཧོ་ཝཱས་འདི་སྐད་གསུང་། ཨམ་མོན་གྱི་བུ་རྣམས་ཀྱི་ཉེས་ལྟུང་གསུམ་འོ་ན་བཞིའི་དོན་དུ་ངས་དེ་མི་དབུད། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་རང་གི་ས་མཚམས་སྐྱེད་དུ་གིལ་ཨད་ཀྱི་བུད་མེད་མངལ་དང་ལྡན་པ་རྣམས་ཀྱི་གྲོད་པ་བཤགས་པས། ༡༤ ངས་རབ་བཱའི་ལྕགས་རིར་མེ་སྤར་ནས། དེས་དེའི་རྒྱལ་ཁབ་རྣམས་ཟ་བར་འགྱུར། འཐབ་མོ་དེའི་ཉིན་པར་ཀུ་སྒྲ་དང་། སྐོར་རླུང་གི་ཉིན་མོ་དེར་རླུང་དྲག་ཅིག་ལང་བར་འགྱུར། ༡༥ ཡང་དེ་དག་གི་རྒྱལ་པོ་མ་ཟད། དེའི་སྐུ་དྲག་རྣམས་དང་ལྷན་ཅིག་ཏུ་བཙོན་དུ་ཆས་པར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎