ལུང་སྟོན་པ་ཡོ་ཨེལ་གྱི་མདོ།
ཕེ་ཏུ་ཨེལ་གྱི་བུ་ཡོ་ཨེལ་ལ་བྱུང་བའི་ཡ་ཧོ་ཝཱའི་བཀའ་ནི།  ཀྱེ་རྒད་པོ་རྣམས་ཉོན་ཞིག ཀྱེ་ཡུལ་གྱི་མི་ཐམས་ཅད་རྣ་བ་ཐོད་ཅིག ཁྱེད་རང་གི་དུས་དང་། ཁྱེད་ཀྱི་ཕ་མེས་རྣམས་ཀྱི་དུས་ལ་འདི་འདྲ་བྱུང་ངམ།  ཁྱེད་ཀྱིས་རང་གི་ཕྲུ་གུ་རྣམས་ལ་ཤོད། དེ་རྣམས་ཀྱིས་དེ་དག་གི་ཕྲུ་གུ་རྣམས་དང་། དེའི་ཕྲུ་གུ་རྣམས་ཀྱིས་དེ་དག་གི་བརྒྱུད་ལ་དེ་ཤོད་ཅིག  ལྡག་མཁན་ལས་ལུས་པ་ཆ་ག་འབུས་ཟོས་ཏེ། ཆ་ག་འབུ་ལས་ལུས་པ་ཟ་མཁན་གྱིས་ཟོས་ཏེ། ཟ་མཁན་ལས་ལུས་པ་དེ་མིད་མཁན་གྱིས་ཟོས་སོ༎
 ཀྱེ་ར་བཟི་བ་རྣམས་གཉིད་སད་པར་བྱོས་ལ་ངུས་ཤིག རྒུན་ཆང་འཐུང་བ་ཁྱོད་ཐམས་ཅད་རྒུན་ཆང་མངར་མོའི་ཕྱིར་སྨྲེ་སྡགས་ཐོང་ཞིག གང་ལ་ཞེ་ན། དེ་ནི་ཁྱེད་ཀྱི་ཁ་ལས་ཕྲལ་ཟིན་ཏོ།  དེ་ཅིའི་ཕྱིར་ཞེ་ན། དཔུང་ཚོགས་རེམ་ལ་གྲངས་ལས་འདས་པ་ཞིག་ངའི་ཡུལ་ལ་ཡར་འོངས། དེའི་སོ་རྣམས་སེང་གེའི་མཆེ་བ་དང་། སེང་མོའི་འགྲམ་སོ་དང་འདྲའོ།  དེས་ངའི་རྒུན་ཤིང་སྟོངས་སུ་བཅུག ངའི་སེ་ཡབ་ཤིང་བཅག་སྟེ། དེའི་པགས་པ་ཚང་མ་བཤུས་ནས། ཡལ་ག་རྣམས་དཀར་པོར་བྱས་སོ༎
 ཇི་ལྟར་ན་ཆུང་གིས་རང་གི་ན་གཞོན་གྱི་ཁྱོའི་ཕྱིར་སྡུག་གོས་གོན་པ་ལྟར་ཆོ་ངེས་གྱིས་ཤིག  ཡ་ཧོ་ཝཱའི་ཕོ་བྲང་ན་ཚོགས་མཆོད་དང་གསེར་སྐྱེམས་འབུལ་འཕྲོ་ཆད་དེ། ཡ་ཧོ་ཝཱའི་ཞབས་སྟེན་པའི་བླ་མ་རྣམས་ངུའོ། ༡༠ འབྲུ་ནི་སྟོངས། རྒུན་ཆང་གསར་པ་ནི་སྐམ། འབྲུ་མར་ནི་བྲིམ་པས། ཞིང་སྟོངས་ནས་ཀླུངས་ངུའོ༎
༡༡ ཀྱེ་སོ་ནམ་པ་རྣམས། ཁ་སྐྱེངས་ཤིག ཀྱེ་རྒུན་ཚལ་མཁན་རྣམས་གྲོ་དང་ནས་ཀྱི་ཕྱིར་འོ་དོད་ཐོང་ཞིག ཞིང་གི་སྟོན་ཐོག་ནོངས། ༡༢ རྒུན་ཤིང་ནི་སྐམས། སེ་ཡབ་ཤིང་ནི་བརྙིད། སེ་འབྲུ་དང་ཁ་ཟུར་དང་ཀུ་ཤུ་ཤིང་རྣམས་མ་ཟད་ཀླུངས་ཀྱི་སྐྱེ་ཤིང་ཐམས་ཐད་ཀྱང་བརྙིད། དེའི་ཕྱིར་མིའི་བུ་རྣམས་ཀྱི་ཁྲོད་ན་དགའ་སྤྲོ་བརྙིད་པར་གྱུར་ཏོ༎
༡༣ ཀྱེ་བླ་མ་རྣམས། རྩྭ་ཕད་དཀྲིས་ནས་མྱ་ངན་བྱོས་ཤིག ཀྱེ་མཆོད་ཁྲིའི་ཞབས་ཏོག་པ་རྣམས་ངུ་མཆོང་ཐོང་ཞིག ཀྱེ་ངའི་དཀོན་མཆོག་གི་ཞབས་སྟེགས་པ་རྣམས། ཁྱེད་ཀྱི་དཀོན་མཆོག་གི་ཕོ་བྲང་དུ་ཚོགས་མཆོད་དང་གསེར་སྐྱེམས་འབུལ་འཕྲོ་བཅད་པས། འོང་ལ་སྡུག་གོས་གོན་ཞིང་མཚན་གང་ཉལ་ནས་སྡོད་ཅིག ༡༤ སྨྱུང་གནས་ཀྱི་ཕྱིར་ཞག་ཅིག་དམ་པར་བྱོས་ལ། འདུ་བའི་འདུན་མ་དམ་པའི་ཕྱིར་འབོད་སྒྲོག་ཅིག རྒན་པོ་རྣམས་དང་ཡུལ་མི་ཐམས་ཅད་ཡ་ཧོ་ཝཱ་ཁྱོད་རང་གི་དཀོན་མཆོག་གི་ཕོ་བྲང་ནང་དུ་བསྡུས་ནས། ཡ་ཧོ་ཝཱ་ལ་འོ་དོད་ཐོང་ཞིག
༡༥ ཉིན་མོ་དེའི་ཕྱིར་ཨ་ཁ་ཁ། གང་ལ་ཞེ་ན། ཡ་ཧོ་ཝཱའི་ཉིན་མོ་དེ་ཉེའོ། ཡང་ཀུན་དབང་གི་ཕྱོགས་ནས་འཆི་བ་འབབ་པ་བཞིན་དུ་དེ་འོང་ངོ་། ༡༦ ངེད་ཀྱི་དཀོན་མཆོག་གི་ཕོ་བྲང་ནའང་དགའ་བ་དང་སྐྱིད་པ་མེད་པར་མ་གྱུར་ཏམ།
༡༧ ས་བོན་གོང་བུའི་འོག་ན་ཁུམས་ཏེ། གཡུལ་འཐག་རྣམས་སྟོང་པར་འདུག འབྲུ་ཁུམས་པས་བང་ཁང་རྣམས་བརྟིབས། ༡༨ དུད་འགྲོས་སྙིང་ཤུགས་ཇི་འདྲ་འདོན། སྒོ་ཕྱུགས་ཀྱི་ཁྱུ་རྣམས་ལ་རྩྭ་ཁ་མེད་པས་གར་འགྲོ་མི་ཤེས། འོ་ན། ལུག་ཁྱུ་རྣམས་ཀྱང་སྟོངས། ༡༩ ཀྱེ་ཡ་ཧོ་ཝཱ། ཁྱེད་སྤྱན་སྔར་ངས་འོ་དོད་གཏོང་ངོ་། ཅི་ལ་ཞུ་ན། འབྲོག་གི་རྩྭ་ཁ་རྣམས་མེས་བསྲེགས། ཀླུངས་ཀྱི་རྩི་ཤིང་ཐམས་ཅད་མེ་ལྕེས་འཚིག་པར་བྱས། ༢༠ ཆུའི་གྲོག་པོ་རྣམས་བསྐམ་སྟེ། འབྲོག་གི་རྩྭ་ཁ་རྣམས་མེས་བཟས་པས། ཐང་གའི་དུད་འགྲོ་རྣམས་ཀྱིས་ཀྱང་ཡར་ཁྱེད་ཕྱོགས་སུ་ཧལ་བར་བྱེད་དོ༎