ལུང་སྟོན་པ་ཧོ་ཤེ་ཨའི་མདོ།
ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱ་དང་། ཡོ་ཐམ་དང་། ཨ་ཧས་དང་། ཧིས་ཀི་ཡཱའི་ཉིན་མོ་རྣམས་དང་། ཨིས་ར་ཨེལ་གྱི་རྒྱལ་པོ་ཡོ་ཨས་ཀྱི་བུ་ཡེ་རོབ་ཨམ་གྱི་ཉིན་མོ་རྣམས་ན་པེ་ཨེ་རིའི་བུ་ཧོ་ཤེ་ཨ་ལ་དཀོན་མཆོག་གི་བཀའ་བྱོན་ནོ༎
 ཧོ་ཤེ་ཨ་ལ་བྱུང་བའི་དཀོན་མཆོག་གི་བཀའི་ཐོག་མ་ནི། དཀོན་མཆོག་གིས་ཧོ་ཤེ་ཨ་ལ། སོང་ལ་གཡེམ་མོ་ཞིག་དང་གཡེམ་མོའི་ཕྲུ་གུ་རྣམས་ཁྱོད་རང་གི་ཕྱིར་ལེན་ཞིག ཅི་ལ་ཞེ་ན། ཡུལ་གྱིས་དཀོན་མཆོག་སྤངས་ནས་ལོག་གཡེམ་དཔག་མེད་བྱས་སོ། ཞེས་གསུངས་པ་དང་།
 ཁོ་སོང་ནས་དིབ་ལ་ཨིམ་གྱི་བུ་མོ་གོ་མེར་བྱ་བ་ཆུང་མར་བླངས་ནས། དེ་མངལ་དང་ལྡན་པར་གྱུར་ཏེ་བུ་ཞིག་སྐྱེས་སོ།  ཡང་ཡ་ཧོ་ཝཱས་ཁོ་ལ། དེའི་མིང་ཡིས་རེ་ཨེལ་ཐོག་ཅིག གང་ལ་ཞེ་ན། རིང་མི་ཐོགས་པར་ངས་ཡེ་ཧུའི་ཁྱིམ་ལས་ཡིས་རེ་ཨེལ་གྱི་མི་ཤ་རྩོད་ཅིང་། ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་རྒྱལ་སྲིད་ཚར་དུ་བཅད་དོ།  ཡང་ཉིན་དེ་རང་ལ་འབྱུང་རྒྱུ་ནི། ངས་ཡིས་རེ་ཨེལ་གྱི་ལུང་པ་ན་ཨིས་ར་ཨེལ་གྱི་གཞུ་གཅག་གོ་ཞེས་གསུངས་སོ༎
 དེ་ནས་མོ་ཡང་མངལ་དང་ལྡན་ཏེ་བུ་མོ་ཞིག་སྐྱེས་པ་ལས། ཡ་ཧོ་ཝཱས་ཁོ་ལ། དེའི་མིང་དུ་ལོ་རུ་ཧ་མཱ་ཐོག་ཅིག ཅི་ལ་ཟེར་ན། ངས་ཅི་ནས་ཀྱང་བཤགས་པ་མི་བྱེད་པར། ཨིས་ར་ཨེལ་གྱི་མི་བརྒྱུད་ལ་སླར་སྙིང་རྗེ་མི་བྱའོ།  འོན་ཀྱང་ཡ་ཧུ་དཱའི་མི་བརྒྱུད་ལ་སྙིང་བརྩེ་ཞིང་། དེ་དག་གཞུ་དང་། རལ་གྲི་དང་། འཐབ་མོ་དང་། རྟ་དང་རྟ་པ་རྣམས་ཀྱི་སྟོབས་ཀྱི་ངང་ན་སྐྱོབ་པར་མི་བྱའི། ཡ་ཧོ་ཝཱ་དེ་དག་གི་དཀོན་མཆོག་གི་ངང་ན་དེ་དག་སྒྲོལ་བར་བྱའོ་ཞེས་གསུངས་སོ༎
 ལོ་རུ་ཧ་མཱ་ལ་འོ་མ་བཅད་པའི་འོག་ཏུ་ཡང་མངལ་དང་ལྡན་ཏེ་བུ་ཞིག་སྐྱེས་པ་དང་།  ཡ་ཧོ་ཝཱས་ཁོ་ལ། དེའི་མིང་དུ་ལོ་ཨམ་མཱི་ཞེས་ཐོག་ཅིག ཅི་ལ་ཟེར་ན། ཁྱོད་ངའི་མི་བརྒྱུད་མ་ཡིན་ཏེ། ངའང་ཁྱོད་ཀྱི་མིན་ནོ༎
༡༠ ད་དུང་ཡང་ཨིས་ར་ཨེལ་གྱི་བུའི་གྲངས་ནི་འཇལ་བ་དང་། བགྲང་མི་ཐུབ་པའི་རྒྱ་མཚོའི་བྱེ་མ་དང་འདྲ་བར་འགྱུར་འོང་། དེའི་རྗེས་སུ་འབྱུང་རྒྱུ་ནི། ཁྱོད་ཅག་ངའི་མི་བརྒྱུད་མ་ཡིན་སྨྲས་པའི་ཚབ་ཏུ་དེ་དག་ལ། གསོན་པོའི་དཀོན་མཆོག་གི་སྲས་རྣམས་སོ། ཞེས་སྨྲ་བར་འགྱུར། ༡༡ དེ་ནས་ཡ་ཧུ་དཱའི་བུ་རྣམས་དང་། ཨིས་ར་ཨེལ་གྱི་བུ་རྣམས་གཅིག་ཏུ་འདུས་ནས། རང་ལ་འགོ་བྱེད་གཅིག་བསྐོས་ཏེ། ཡུལ་ཁམས་དེ་ནས་འཐོན་ཞིང་དམག་འདེགས་པར་འགྱུར་རོ། དེ་ཅི་ལ་ཟེར་ན། ཡིས་རེ་ཨེལ་གྱི་ཉིན་མོ་དེ་ནི་ཆེན་པོ་ཡིན་པར་འགྱུར་རོ༎