ལུང་སྟོན་པ་དཱ་ནི་ཨེལ་གྱི་མདོ།
༡
ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིམ་གྱིས་སྲིད་བྱེད་པའི་ལོ་གསུམ་པ་ན། བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་བྱ་བ་ཡེ་རུ་ཤ་ལེམ་དུ་འོངས་ནས་དམག་གིས་བསྐོར་ཏོ། ༢ ཡང་གཙོ་བོས་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིམ་དང་དཀོན་མཆོག་གི་ཕོ་བྲང་གི་མཆོད་རྫས་ཀྱི་ཆ་གཅིག་དང་བཅས་སུ་དེའི་ལག་ཏུ་བཏད་དོ། དེས་དེ་རྣམས་ཤི་ནེ་ཨར་གྱི་ཡུལ་ན་ཡོད་པའི་རང་གི་ལྷ་ཁང་དུ་དྲངས་ནས། རང་གི་ལྷའི་དཀོར་མཛོད་དུ་བཅུག་གོ།༣ དེ་ནས་རྒྱལ་པོས་རང་གི་ཉུག་རུམ་རྣམས་ཀྱི་འགོ་པ་ཨས་ཕེ་ནཱ་ལ་འདི་སྐད་དུ། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ནང་ནས་རྒྱལ་པོའི་ས་བོན་ལས་ཆད་པ་དང་། ཡ་རབས་ཀྱི་བུ་ཁ་ཅིག་ངའི་དྲུང་དུ་ཁྲིད་ཤོག ༤ དེའང་གཞོན་ནུ་དེ་དག་སྐྱོན་དང་མི་ལྡན་པར། བྱད་མཛེས་པ། ཤེས་རབ་ཀུན་ལ་མཁས་པ། རིག་གནས་ལ་གཅང་པོ། བློ་གྲོས་དང་ལྡན་པ་མ་ཟད། རྒྱལ་པོའི་ཁབ་ནང་ལྡང་ཞིང་སྡོད་པའི་ཡོན་ཏན་དང་། ཀལ་དཱི་པའི་རིག་པ་དང་སྐད་གཉིས་བསླབ་པའི་ནུས་པའང་ཡོད་པའི་རིགས་སོ་ཞེས་བསྒོའོ། ༥ ཡང་རྒྱལ་པོ་དེས་དེ་དག་ལ་རྒྱལ་པོའི་ཟས་དང་བཏུང་བའི་རྒུན་བའི་རྒུན་ཆང་གི་ནང་ནས་ཞག་རེའི་ཕོགས་བཏང་སྟེ། དེ་བཞིན་ལོ་གསུམ་གྱི་བར་དུ་བསྐྱངས་པའི་མཐར་རྒྱལ་པོའི་མདུན་དུ་ལྡང་ཞིང་སྡོད་པའི་ཕྱིར་དུའོ། ༦ དེ་དག་གི་ཁྲོད་ན་ཡ་ཧུ་དཱའི་བུ་རྣམས་ཀྱི་ནང་ནས་དཱ་ནི་ཨེལ་དང་། ཧ་ནན་ཡཱ་དང་། མི་ཤ་ཨེལ་དང་། ཨ་ཟར་ཡཱ་བཞི་ཡོད་དེ། ༧ ཉུག་རུམ་འགོ་པས་དཱ་ནི་ཨེལ་ལ་བེལ་ཏེ་ཤ་ཙར་དང་། ཧ་ནན་ཡཱ་ལ་ཤད་རག་དང་། མི་ཤ་ཨེལ་ལ་མེ་ཤཱག་དང་། ཨ་ཟར་ཡཱ་ལ་ཨ་བེད་ནེ་ཀོ་ཞེས་ཡང་མིང་བཏགས་སོ༎
༨ འོན་ཀྱང་དཱ་ནི་ཨེལ་གྱིས་རང་གི་སྙིང་ན། རྒྱལ་པོའི་ཟས་དང་། དེས་བཏུང་བའི་རྒུན་ཆང་གིས་བདག་འབག་པར་མི་བྱའོ་ཞེས་དམིགས་ནས། ཉུག་རུམ་འགོ་པ་ལ་ང་འབག་པར་མི་འདོད་དོ་ཞེས་ཞུས་སོ། ༩ དེའང་དཀོན་མཆོག་གིས་དཱ་ནི་ཨེལ་ལ་ཉུག་རུམ་འགོ་པས་ལྟ་བ་དང་། སྙིང་བརྩེ་རུ་བཅུག་པས། ༡༠ ཉུག་རུམ་འགོ་པས་དཱ་ནི་ཨེལ་ལ། ང་ནི་ཁྱེད་ཀྱི་བཟའ་བཏུང་གི་བཀོད་པ་བྱས་པའི་རང་གི་ཇོ་བོ་རྒྱལ་པོ་ལ་འཇིགས་སོ། ཅིའི་ཕྱིར་ཁྱེད་ཚོའི་གདོང་པ་ཁྱེད་རང་གི་གྲོགས་པོ་ཚོའི་གདོང་པ་ལས་རིད་པ་ཁོང་ལ་གཟིགས་སུ་གཞུག དེ་ནས་ཁྱེད་ཀྱིས་ངའི་མགོ་རྒྱལ་པོའི་དྲུང་དུ་འཇིགས་པ་ཅན་དུ་བྱའོ་ཞེས་སྨྲས་སོ། ༡༡ དེར་ཉུག་རུམ་འགོ་པས་དཱ་ནི་ཨེལ་དང་། ཧ་ནན་ཡཱ་དང་། མི་ཤ་ཨེལ་དང་། ཨ་ཟར་ཡཱ་བཞིའི་ལྡིང་དཔོན་དུ་བསྐོས་པ་ལ་དཱ་ནི་ཨེལ་གྱིས་འདི་སྐད་དུ། ༡༢ ངས་ཁྱེད་ལ་ཞུ་བ་ནི། ཉིན་ཞག་བཅུའི་རིང་དུ་ཉིད་ཀྱི་བྲན་པོ་ཚོའི་ཚོད་བཞེས་ལ། ངེད་ཅག་ལ་ཟས་སུ་སྔོ་ཚོད་དང་། འཐུང་དུ་ཆུ་ཐོང་ཞིག ༡༣ དེའི་འོག་ཏུ་ངེད་ཀྱི་གདོང་པ་དང་། རྒྱལ་པོའི་ཁ་ཟས་ལས་ཟ་བའི་གཞོན་ནུ་ཚོའི་གདོང་པ་ལ་ཁྱེད་ཀྱི་མདུན་དུ་ལྟ་རུ་ཆུག
༡༤ དེ་ནས་ཇི་ལྟར་གཟིགས་པ་དེ་བཞིན་དུ་ཉིད་ཀྱི་བྲན་པོ་དག་ལ་མཛོད་ཅིག དེ་ལྟར་དེས་དེ་དག་གི་གཏམ་དེ་ལ་ཉན་ཏེ། ཉིན་ཞག་བཅུའི་བར་དུ་ཚོད་བལྟས་པ་དང་། ༡༥ ཞག་བཅུ་པོའི་འོག་ཏུ་རྒྱལ་པོའི་ཁ་ཟས་ལས་བཟས་པའི་གཞོན་ནུ་ཐམས་ཅད་ཀྱི་གདོང་པ་ལས་འདི་དག་གི་གདོང་པ་ལྷག་པར་མཚར་ལ་ཤ་རྒྱགས་པ་མཐོང་སྟེ། ༡༦ ལྡིང་དཔོན་གྱིས་དེ་དག་གི་ཟ་སྐལ་དང་། འཐུང་དགོས་པའི་རྒུན་ཆང་བཅད་དེ། སྔོ་ཚོད་བྱིན་ཏོ༎
༡༧ དེའང་དཀོན་མཆོག་གིས་གཞོན་ནུ་བཞི་པོ་འདི་རྣམས་ལ་ཤེས་རབ་དང་། རིག་གནས་ཚང་མ་དང་། ཡེ་ཤེས་ཀྱི་ནང་དུ་སྒྱུ་རྩལ་གནང་སྟེ། དཱ་ནི་ཨེལ་ལ་ཞལ་གཟིགས་དང་། རྨི་ལམ་ཐམས་ཅད་ཀྱི་གོ་བ་ཡོད་པ་ཡིན་ནོ༎
༡༨ དེ་ནས་ངའི་རྩར་ཁྲིད་ཤོག་ཅེས་རྒྱལ་པོས་སྨྲས་པའི་ཞག་རྣམས་ཚང་བ་དང་། ཉུག་རུམ་འགོ་པས་དེ་དག་ནེ་བུ་ཀད་ནེ་ཙར་གྱི་མདུན་དུ་འཁྲིད་ཁྱེར་བ་དང་། ༡༩ རྒྱལ་པོས་དེ་དག་དང་གཏམ་བྱས་པ་ལས། དེ་ཀུན་གྱི་ཁྲོད་ན་དཱ་ནི་ཨེལ་དང་། ཧ་ནན་ཡཱ་དང་། མི་ཤ་ཨེལ་དང་། ཨ་ཟར་ཡཱ་བཞི་དང་འདྲ་བ་སུའང་མ་ཐོན་ཏོ། དེའི་ཕྱིར་འདི་རྣམས་རྒྱལ་པོའི་དྲུང་དུ་ལྡང་ཞིང་བསྡད་དེ། ༢༠ རྒྱལ་པོས་ཤེས་རབ་ཐམས་ཅད་དང་། རིག་པའི་སྐོར་དུ་དེ་དག་ལ་དྲིས་པའི་ཚེ་ན། དེའི་ཡུལ་ཁམས་ཐམས་ཅད་ཀྱི་མཚན་མཁན་དང་། རྩིས་པ་ཐམས་ཅད་པས་དེ་རྣམས་བཅུ་ལྡབ་མཁས་པར་ཐོན། ༢༡ ཡང་དཱ་ནི་ཨེལ་ནི་རྒྱལ་པོ་ཀོ་རེས་ཀྱི་ལོ་དང་པོའི་བར་དུ་འཚོ་བར་གྱུར་ཏོ༎