ལུང་སྟོན་པ་ཨེ་ཟེ་ཀི་ཨེལ་གྱི་མདོ།
༡
ལོ་སུམ་ཅུ་པའི་ཟླ་བ་བཞི་པའི་ཚེས་ལྔ་པར། བདག་ཆུ་བོ་ཀེ་བཱར་བྱ་བའི་འགྲམ་དུ་གཉའ་ཡལ་བ་རྣམས་ཀྱི་གསེབ་ན་ཡོད་དུས་སུ་བྱུང་བ་གྱུར་པ་ནི་འདི་ལྟ་སྟེ། ནམ་མཁའ་བྱེས་པར་གྱུར་པ་དང་། ངས་དཀོན་མཆོག་གི་སྐོར་དུ་ཞལ་གཟིགས་རྣམས་མཐོང་བར་གྱུར་ཏེ། ༢ ཡོ་ཡཱ་ཀིན་གཉའ་ཡལ་བའི་ལོ་ལྔ་པའི་ཟླ་བ་དེ་ཀའི་ཚེས་ལྔ་པ་ལ། ༣ ཀལ་དཱི་པའི་ཡུལ་ཁམས་ཀྱི་ཀེ་བཱར་བྱ་བའི་གཙང་འགྲམ་དུ། བུ་ཟིའི་བུ་བླ་མ་ཨེ་ཟེ་ཀི་ཨེལ་ལ། ཡ་ཧོ་ཝཱའི་བཀའ་དངོས་སུ་བྱུང་བར་གྱུར་ཏེ། ཡ་ཧོ་ཝཱའི་ཕྱག་ནི་དེར་ཁོའི་སྟེང་དུ་ཡོད་པ་ཡིན།༤ ཡང་ངས་བལྟས་ནས་མཐོང་བ་ནི། བྱང་ཕྱོགས་ནས་རླུང་དམར་དང་། སྤྲིན་ཕུང་ཆེན་པོ་ཞིག་དང་། འབར་བའི་མེ་ཟླུམ་པོ་ཞིག་འོང་སྟེ། དེའི་མཐའ་བཞི་ནས་འོད་ཕྲོས་ནས། དེའི་དཀྱིལ་ལམ། མེ་དེའི་གཞུང་ལས་སྤོས་ཤེལ་ལྟ་བུའི་མདངས་སྣང་བར་གྱུར་ཏོ། ༥ དེའི་དབུས་ལས་སེམས་ཅན་བཞིའི་གཟུགས་བརྙན་སྣང་བྱུང་། དེ་དག་གི་བྱད་ནི་མིའི་བྱད་ལྟ་བུ་ཡོད་དེ། ༦ རེ་རེ་ལ་གདོང་བཞི་བཞི་དང་། ཤོག་པ་བཞི་བཞི་ཡོད་པ་ཡིན། ༧ དེ་དག་གི་རྐང་པ་ནི་ཁྱོག་པོ་མེད་དེ། རྐང་མཐིལ་ནི་བེའུའི་རྐང་པ་ལྟ་བུ་དང་། གཡའ་ཆོད་པའི་ར་གན་ལྟར་འོད་ཆག་པ་ཡོད་པ་ཡིན། ༨ ཡང་དེ་དག་གི་ཕྱོགས་བཞིར་ཤོག་པའི་མཆན་དུ་མིའི་ལག་པ་ཡོད་དེ། དེ་བཞི་པོ་ལ་གདོང་དང་ཤོག་པ་འདི་ལྟར་ཡོད་པ་ཡིན། ༩ དེ་དག་གི་ཤོག་པ་གཅིག་དང་གཅིག་བྲེལ་ཏེ། འགྲུལ་དུས་སུ་མ་འགྱུར་བར་ཐམས་ཅད་དྲང་པོར་མདུན་དུ་ཕྱོགས་པ་ཡིན། ༡༠ ད་དེ་དག་གི་གདོང་པའི་དབྱིབས་སོ་སོ་ནི་འདི་ལྟ་སྟེ། དེ་བཞི་པོའི་མདུན་ཕྱོགས་སུ་མིའི་གདོང་དང་། དེ་བཞི་པོའི་གཡས་གདོང་ནི་སེང་གདོང་། དེ་བཞི་པོའི་གཡོན་གདོང་ནི་གླང་གདོང་། དེ་བཞི་པོའི་རྒྱབ་ཏུ་གླག་གདོང་རེ་ཡོད་པ་ཡིན། ༡༡ དེ་དག་གི་གདོང་པ་དེ་ལྟར་དང་། ཤོག་པ་རྣམས་སྟེང་ཕྱོགས་སུ་བརྐྱང་སྟེ། རེ་རེའི་ཤོག་པ་གཉིས་གཉིས་གཞན་དེའི་ཤོག་པ་གཉིས་པོ་དང་སྦྲེལ་ཡོད་པ་ཡིན། གཉིས་ཀྱིས་དེ་དག་གི་ལུས་པོ་གཡོགས་པ་ཡིན། ༡༢ དེ་དག་རེ་རེ་བཞིན་དྲང་པོ་སོང་སྟེ། སེམས་ཉིད་འགྲོ་སར་དེ་དག་སོང་བ་ཡིན། འགྲུལ་དུས་སུ་དེ་དག་རྒྱབ་ཏུ་མ་ལོག་པ་ཡིན། ༡༣ ད་སེམས་ཅན་དེ་དག་གི་བྱད་གཟུགས་ནི་འདི་ལྟ་སྟེ། དེ་དག་གི་བྱད་གཟུགས་ནི་མེ་འབར་བའི་སོལ་བའམ་མར་མེ་ལྟ་བུ་སྟེ། དེ་ནི་སེམས་ཅན་དེ་དག་གི་ཁྲོད་དུ་ཡར་མར་དུ་རྒྱུགས་ཏེ། མེ་དེ་ལས་འོད་ཕྲོས་ནས། མེ་དེའི་ནང་ནས་གློག་འཁྱུག་བྱུང་། ༡༤ གློག་འཁྱུག་པ་ལྟར་སེམས་ཅན་དེ་དག་ཕར་ཚུར་རྒྱུག་པར་བྱས།
༡༥ ཡང་བདག་སེམས་ཅན་དེ་དག་ལ་ལྟ་བཞིན་ཡོད་པ་ལས། ཀྱེ་ཧོ། སེམས་ཅན་གདོང་བཞི་པ་དེ་དག་གི་མདུན་དུ་འཁོར་ལོ་རེ་སའི་ཁར་ཡོད་པ་ཡིན། ༡༦ འཁོར་ལོ་དེ་དག་གི་དབྱིབས་དང་། བཟོ་ལུགས་ནི་རྡོ་སུན་ན་རེའི་མདོག་ལྟ་བུ་ཡོད་པ་ཡིན། དེ་བཞི་པོའི་དབྱིབས་གཅིག་པ་ཡིན་ཏེ། དེ་དག་གི་དབྱིབས་དང་བཟོ་ལུགས་ནི་འཁོར་ལོའི་དཀྱིལ་ན་འཁོར་ལོ་ཡོད་པ་ལྟ་བུ་སྟེ། ༡༧ དེ་དག་འགྲོ་དུས་སུ། རེ་རང་གི་ཕྱོགས་བཞིར་དོང་བ་ཡིན། འགྲོ་དུས་སུ་རྒྱབ་ཏུ་མ་ལོག་པ་ཡིན། ༡༨ དེ་དག་གི་དཀྱིལ་འཁོར་ནི་ཆེན་པོ་འཇིགས་སུ་རུང་བ་ཡོད་པ་ཡིན། དཀྱིལ་འཁོར་དེ་བཞི་པོའི་དཀྱིལ་འཁོར་ནི་མིག་གིས་ཁེངས་ཏེ། ༡༩ སེམས་ཅན་དེ་དག་རྒྱུ་དུས་སུ་འཁོར་ལོ་རྣམས་ཀྱང་མཉམ་དུ་འགྲུལ་བ་ཡིན། སེམས་ཅན་དེ་དག་ས་ལས་འཕགས་དུས་སུ། འཁོར་ལོ་དེ་རྣམས་ཀྱང་འཕགས་པ་ཡིན། ༢༠ སེམས་ཉིད་ཀྱིས་འཁྲིད་ས་ཀུན་ཏུ་དེ་དག་སོང་ཏེ། སེམས་ཉིད་འགྲོ་རྒྱུའི་ཕྱོགས་སུ། འཁོར་ལོ་དེ་དག་ཀྱང་མཉམ་དུ་འཕགས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་སེམས་ཉིད་གསོན་པོ་དེ་འཁོར་ལོའི་ནང་ཡོད་པ་ཡིན། ༢༡ དེ་དག་འདོང་དུས་སུ། འདི་དག་ཀྱང་དོང་བ་ཡིན། དེ་དག་སྡོད་དུས་སུ་འདི་དག་ཀྱང་བསྡད་པ་ཡིན། དེ་དག་ས་ལས་འཕགས་དུས་སུ། འདི་དག་ཀྱང་མཉམ་དུ་འཕགས། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་སེམས་ཉིད་གསོན་པོ་དེ་འཁོར་ལོའི་ནང་ཡོད་པ་ཡིན།
༢༢ སེམས་ཅན་དེའི་མགོའི་ཡར་ན་ཡོད་པའི་དབྱིངས་ནི། དྭངས་ཤེལ་ལྷག་གེ་བ་འཇིགས་སུ་རུང་བ་དང་འདྲ་བ་དེ་དག་གི་མགོའི་སྟེང་དུ་རྒྱས་ཡོད་པ་ཡིན། ༢༣ དབྱིངས་ཀྱི་འོག་ན་དེ་དག་གི་ཤོག་པ་དྲང་པོར་གཅིག་གིས་གཞན་གཅིག་གི་ཕྱོགས་སུ་བརྐྱང་སྟེ། རེ་རེ་ལ་ཡོད་པའི་ཤོག་པ་གཉིས་གཉིས་ཀྱིས་དེའི་ལུས་ཀྱི་གཞོགས་གཅིག་དང་། གཞན་གཉིས་གཉིས་ཀྱིས་དེའི་ལུས་ཀྱི་གཞན་གཞོགས་དེ་གཡོགས་པ་ཡིན། ༢༤ དེ་དག་འགྲོ་དུས་སུ། ཆུ་ཆེན་པོ་རྣམས་ཀྱི་སྒྲའམ། ཀུན་དབང་གི་གསུང་སྒྲའམ། དཔུང་ཚོགས་ཀྱི་ང་རོ་ལྟ་བུའི་ཤོག་སྒྲ་ངས་ཐོས་བྱུང་། ཡང་དེ་དག་བསྡད་དུས་སུ་རང་གི་ཤོག་པ་ཐུར་དུ་ཕབ་པ་ཡིན། ༢༥ དེ་དག་བསྡད་དེ་ཤོག་པ་ཕབ་དུས་སུ། དེ་དག་གི་མགོ་ཐོག་གི་དབྱིངས་ཀྱི་ནང་ནས་སྒྲ་སྐད་ཅིག་བྱུང་སྟེ།
༢༦ དེ་དག་གི་མགོ་ཐོག་ཏུ་ཡོད་པའི་དབྱིངས་ཀྱི་གོང་ན། ནི་ལིམ་ལྟ་བུའི་རྒྱལ་ཁྲི་འདྲ་བ་ཞིག་ཡོད་དེ། རྒྱལ་ཁྲི་ལྟ་བུའི་གོང་ན་མིའི་རྣམ་བྱད་ལྟ་བུ་ཞིག་ཡོད་པ་ཡིན། ༢༧ ཡང་ངས་དེའི་རྐེད་པ་ཡན་ཆོད་ཀྱི་དབྱིབས་དང་དེའི་ཀྱིར་འཁོར་ན། སྤོས་ཤེལ་གྱི་མདོག་དང་མེ་འབར་བ་ལྟ་བུའི་མདངས་ཤིག་མཐོང་བྱུང་། ཡང་དེའི་རྐེད་པ་མན་ཆོད་ཀྱི་དབྱིབས་ནི་མེ་ལྟ་བུ་མཐོང་བྱུང་། ཡང་དེའི་ཀྱིར་འཁོར་ན་འོད་མདངས་ཡོད་པ་ཡིན། ༢༨ དེའི་དཀྱིལ་འཁོར་གྱི་འོད་མདངས་ཀྱི་སྣང་ཚུལ་ནི། ཆར་དུས་སུ་སྤྲིན་གྱི་ནང་ནས་སྣང་བའི་འཇའ་ལྟར་ཡོད་པ་ཡིན་ཏེ། འདི་ནི་ཡ་ཧོ་ཝཱའི་གཟི་བརྗིད་ལྟ་བུར་སྣང་བས། དེ་མཇལ་བ་ཙམ་གྱིས།
བདག་ཁ་འབུབ་ལོག་པ་དང་། སུ་ཞིག་གིས་ང་ལ་གླེང་བའི་སྐད་ཅིག་ཐོས༎