དེས་བདག་ལ། མིའི་བུ། རང་གི་རྐང་པ་བཙུགས་ནས། ལོངས་ཤིག་དང་། ངས་ཁྱོད་ལ་གླེང་བར་བྱའོ་གསུངས་བྱུང་།  དེས་གླེང་བ་ཙམ་གྱིས། བདག་གི་ནང་དུ་ཐུགས་ཉིད་ཞུགས་ནས། བདག་རང་གི་རྐང་པའི་ཁར་བསླངས་པ་དང་། བདག་ལ་གླེང་མཁན་གྱི་གསུང་ཐོས་པ་ལས།
 དེས་བདག་ལ། ཀྱེ་མིའི་བུ། ཁོ་བོ་ལ་ངོ་ལོག་བྱས་པའི་གཉའ་རེངས་པའི་མི་བརྒྱུད། ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་དྲུང་དུ་ངས་ཁྱོད་རྫང་སྟེ། དེ་དག་རང་དང་། དེ་དག་གི་ཕ་མེས་ཚོས། ཉི་མ་དེ་རིང་གི་བར་དུ་ཁོ་བོ་ལ་འབངས་གྱེན་ཟློག་བྱེད།  དེའི་ཕྱིར་དུ་གཉའ་རེངས་པ་དང་སྙིང་མཁྲེགས་པོ་དེ་དག་གི་མདུན་དུ། ངས་ཁྱོད་མངགས་པས་ན། ཁྱོད་ཀྱིས་དེ་དག་ལ། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་གསུང་ངོ་ཟེར་ཞིག  དེ་དག་གཉའ་རེངས་ཅན་གྱི་བུ་བརྒྱུད་ཡིན་པས། ཉན་རུང་ཡང་ན་མི་ཉན་རུང་། དེ་དག་གི་ཁྲོད་ན་ལུང་སྟོན་པ་ཞིག་ཡོད་པ་ཡིན་པར། རྟོགས་པར་འགྱུར་རོ།  ཀྱེ་མིའི་བུ་ཁྱོད། ཁྱོད་དང་ལྷན་ཅིག་ཏུ་སེ་བའི་ཤིང་དང་ཚེར་མ་ཡོད་མོད། སྡིག་པ་རྭ་ཅན་གྱི་ཁྲོད་དུ་གནས་མོད། དེ་ཚོ་ལ་མ་འཇིགས་ཤིག དེ་དག་གི་གཏམ་གྱིས་ཀྱང་མ་འཇིགས་ཤིག དེ་རྣམས་གཉའ་རེངས་ཅན་གྱི་བུ་བརྒྱུད་ཡིན་རུང་། དེ་ཚོའི་གཏམ་གྱིས་མ་འཇིགས་ཏེ། དེ་ཚོའི་ངོ་ལ་ཡང་མ་འཇིགས་ཤིག  དེ་རྣམས་རབ་ཏུ་གཉའ་རེངས་ཅན་ཡིན་པས། དེ་དག་གིས་ཉན་རུང་། མི་ཉན་རུང་། ཁྱོད་ཀྱིས་དེ་རྣམས་ལ་ངའི་བཀའ་ཤོད་ཅིག
 ད་མིའི་བུ་ཁྱོད། ངས་ཇི་གསུང་ལ་ཉོན་ཞིག་དང་། གཉའ་རེངས་བྱེད་པའི་ཕ་སྤད་འདི་དང་འདྲ་བར་ཁྱོད་ཀྱིས་གཉའ་རེངས་མ་བྱེད་པར། རང་གི་ཁ་ཕྱེ་སྟེ། ངས་སྦྱིན་པ་དེ་ཟོས་ཤིག  དེ་ནས་ངས་བལྟས་པ་དང་། ཀྱེ་ཧོ། ངའི་ཕྱོགས་སུ་ལག་པ་ཞིག་བརྐྱང་སྟེ་ཡོད་པ་ཡིན། ཡང་ལྟོས་ཤིག དེའི་ནང་ན་མདོའི་ཤོག་སྒྲིལ་ཞིག་ཡོད་པ་ཡིན། ༡༠ ཡང་ཁོང་གིས་དེ་ཕྱེས་ནས་ངའི་མདུན་དུ་བཞག དེའི་ཕྱི་ནང་གཉིས་པོར་བྲིས་ཡོད་དེ། སྨྲེ་སྔགས་དང་། མྱ་ངན་དང་། ཆོ་ངེས་ཞེས་དེ་ན་བྲིས་ཡོད་པ་ཡིན༎