ཡེ་རེམ་ཡཱའི་སྐྱོ་གླུ་རྣམས།
ཀྭ་ཡེ་མི་ཡིས་གང་བའི་གྲོང་ཁྱེར་ཅི་ལ་གཅིག་པུར་སྡོད། མི་བརྒྱུད་རྣམས་ཁྲོད་ཆེ་ཞིང་ལྗོངས་རྣམས་ནང་རྒྱལ་མོ་ལགས་པ། མོ་རང་མོ་ལྟར་དང་དཔྱ་ཁྲལ་འཇལ་མཁན་དུ་ཇི་ལྟར་གྱུར།
 ཁོ་མོ་མཚན་མོར་རབ་ཏུ་ངུས་ཏེ་འགྲམ་པར་མཆི་མ་འདུག མོའི་སེམས་ཉེ་བའི་ནང་ནས་སེམས་གསོ་གཏོང་མཁན་གཅིག་ཀྱང་མེད། མོའི་མཛའ་བོ་དག་གིས་ལོག་པར་བྱས་ཏེ་མོའི་དགྲ་བོར་ལངས།
 སྡུག་དང་གཡོག་རྒྱུག་ལྗིད་ཆེ་རྐྱེན་ཡ་ཧུ་དཱ་འཁྱམ་དགོས་བྱུང་། ཕྱི་པའི་དཀྱིལ་དུ་གནས་ཤིང་མོའི་སེམས་ལ་བདེ་བ་མི་རྙེད། ཕྱི་བཞིན་དུ་བདའ་མཁན་རྣམས་ཁོ་མོར་རོང་བར་ནང་དུ་ནོན།
 སུའང་དུས་ཆེན་ལ་མི་འོང་བས་ཙི་ཨོན་གྱི་ལམ་རྣམས་དུ། མོའི་རྒྱ་སྒོ་ཀུན་སྟོངས་ཏེ་མོའི་དགེ་མདུན་གྱིས་ཤུགས་ནར་འབྱིན། མོ་ཡི་ན་ཆུང་རྣམས་འཚེར་ཞིང་མོ་རང་ལ་སྙིང་རླུང་ལྡང་།
 མོའི་གཙོ་བོར་དགྲ་རྣམས་དང་དགྲ་རྣམས་བཀྲ་ཤིས་པའི་རྒྱུ་ནི། མོའི་མཚམས་མེད་པའི་དཔུང་ཕྱིར་ཡ་ཧོ་ཝཱས་སྡུག་བསྔལ་དུ་བཅུག མོའི་ཕྲུ་གུ་དག་དགྲའི་མདུན་དུ་བཙོན་དུ་བཞུད་ལ་སོང་།
 ཙི་ཨོན་གྱི་བུ་མོ་ལས་མོའི་དཔལ་མཛེས་ཀུན་བྲལ་ནས་སོང་། མོའི་སྐུ་དྲག་རྣམས་རྩྭ་ཁ་ཅིའང་མི་རྙེད་པའི་ཤ་བ་འདྲ། དེ་དག་བྱ་ཐབས་ཟད་དེ་བདའ་མཁན་མདུན་དུ་དོང་བ་ཡིན།
 ཡེ་རུ་ཤ་ལེམ་གྱི་མི་སྡེ་རྣམས་དགྲའི་ལག་པར་ལྷུང་སྟེ། སྐྱབས་བྱེད་སུའང་མེད་དུས་སྔོན་དུས་ཀྱི་ལོངས་སྤྱོད་ཀུན་དྲན་བྱུང་། དགྲ་བོས་མོ་མཐོང་ནས་མོའི་བརླགས་ལུགས་ལ་འཕྱ་བའི་གཏམ་བྱས།
 ཡེ་རུ་ཤ་ལེམ་གྱིས་སྡིག་པ་དཔག་མེད་བྱས་པས་བརླགས་སོང་། མོའི་ངོ་ལོ་བཅར་ལུགས་མཐོང་བས་མོར་བཀུར་བ་ཀུན་གྱིས་སྡང་། འོ་ན་མོ་རང་ཡང་ཤུགས་ནར་འབྱིན་ཞིང་རྒྱབ་སྐྱིར་ལོག་གོ།
 མོའི་ཐུ་བར་མོའི་གྲིབ་འདུག་མོས་རང་གི་ཚེ་མཇུག་མ་དྲན། དེ་དོན་མོ་ཐུར་དུ་ཧ་ལས་ལྷུང་རུས་འཇུག་མཁན་སུའང་མེད། དགྲ་མགོ་བཏེགས་པས་ཀྱེ་ཡ་ཧོ་ཝཱ་ངའི་སྡུག་བསྔལ་ལ་གཟིགས།
༡༠ དགྲས་མོའི་སེམས་ལ་སྡུག་པའི་དངོས་པོ་ཀུན་ལ་ལག་རྒྱབ་བཏང་། རང་གི་ཚོགས་ནང་མ་སྲེ་ཞེས་ཁྱེད་ཀྱིས་བསྒོ་བར་མཛད་པའི། ཕྱི་པ་རྣམས་མོའི་གཙང་ཁང་ནང་འཛུལ་བ་མོ་ཡིས་མཐོང་བྱུང་།
༡༡ མོའི་མི་སྡེ་ཐམས་ཅད་ཀྱིས་ཤུགས་ནར་འབྱིན་ཞིང་ཟ་རྒྱགས་འཚོལ། སྲོག་འཚོ་བའི་ཁ་ཟས་རྙེད་ཕྱིར་མོས་རང་གི་བཟང་ནོར་བྱིན། ང་ཐུ་རུ་འགྲོ་བས་གཟིགས་ཀྱེ་ཡ་ཧོ་ཝཱ་གཟིགས་སུ་གསོལ།
༡༢ ཀྱེ་འགྲུལ་པ་ཀུན་ཁྱོད་ཀྱི་མཐོང་ངོར་འདི་ཅི་ཡང་མིན་ནམ། ཡ་ཧོ་ཝཱས་ཁྲོ་གཏུམ་དྲག་པོའི་ཉིན་མོར་ང་ལ་བསྐལ་བའི། ངའི་སྡུག་བསྔལ་དང་འདྲ་བའི་སྡུག་བསྔལ་ཞིག་ཡོད་དམ། ལྟོས་ཤིག
༡༣ ངའི་རུས་པའི་ནང་སྟེང་ནས་མེ་བརྫངས་པས་ངའི་རུས་པ་སྲེག ངའི་རྐང་པའི་ཕྱིར་དུ་རྒྱ་བཙུགས་ཏེ་ང་རྒྱབ་རྒྱབ་ཏུ་བཟློགས། ང་སྟོངས་པར་མཛད་དེ་ཚེ་གང་པོར་བདག་ཉམས་ཐག་པར་ལུས།
༡༤ ངའི་མཚམས་མེད་རྣམས་ཀྱི་གཉའ་ཤིང་ཁོང་གིས་བཏགས་པས་ཁྲིལ། དེ་རྣམས་ངའི་མཇིང་པར་འཛེགས་ཁོང་གིས་ངའི་མཐུ་སྟོབས་ཉམས་བཅུག གང་དྲུང་བདག་འགྲེང་ཡང་མི་ཐུབ་པའི་ལག་པར་གཙོ་བོས་བཅུག
༡༥ ཡ་ཧོ་ཝཱས་ངའི་དཔའ་བོ་ཀུན་ངའི་དཀྱིལ་དུ་ཞབས་ཀྱིས་རྫིས། ངའི་དར་མ་རྣམས་འཐག་ཏུ་ཁོང་གིས་ངའི་ཐོག་ཏུ་དཔུང་ཞིག་བཀུག ཡ་ཧོ་ཝཱས་ཡ་ཧུ་དཱའི་ན་ཆུང་འཆག་གཞོན་ནང་དུ་བཅུགས།
༡༦ ང་ལ་སེམས་སྐྱེད་འཇུག་དགོས་པའི་སེམས་གསོ་མཁན་རྒྱང་རིང་སྟབས། འདི་དག་དོན་ང་ངུ་ཞིང་ངའི་མིག་ལས་མིག་ཆུ་རྒྱུག་གོ། དགྲ་ཁ་མཐོ་བའི་རྐྱེན་གྱིས་ངའི་ཕྲུ་གུ་རྣམས་སྟོངས་ནས་སོང་།
༡༧ ཙི་ཨོན་ལག་གཉིས་རྐྱོང་ཡང་དེ་ལ་རུས་འཇུག་མཁན་སུའང་མེད། ཡ་ཀོབ་ལ་དགྲས་མཐའ་བསྐོར་བའི་ཕྱིར་ཡ་ཧོ་ཝཱས་བཀའ་གནང་། དེ་དག་གི་ཁྲོད་དུ་ཡེ་རུ་ཤ་ལེམ་རྫས་གྲིབ་ཅན་འདྲ།
༡༨ ཁོང་ཐུགས་དྲང་ཡ་ཧོ་ཝཱའི་ཞལ་ལ་ངས་ངོ་ལོག་བྱས་སོ། ཀྱེ་མི་ཀུན་ཚུར་གསན་དང་ངའི་སེམས་སྡུག་ལ་གཟིགས་རོགས་མཛོད། ངའི་ལང་ཚོ་མ་དང་དར་ལ་བབ་པ་དག་བཙོན་དུ་ཡལ།
༡༩ ངའི་ཉེ་མོ་རྣམས་ལ་བོས་ཀྱང་དེ་དག་གིས་ངའི་མགོ་བསླུས། ངའི་དགེ་འདུན་དང་རྒན་པོ་རྣམས་ཀྱིས་རང་སེམས་གསོ་བའི་ཕྱིར། ཁ་ཟས་བཙལ་མཚམས་རྒྱལ་སའི་ནང་དུ་སྲོག་དང་ཡལ་བ་ཡིན།
༢༠ བདག་བརྡུགས་ཏེ་རྒྱུ་གཟེར་བརྒྱབ་པས་ཀྱེ་ཡ་ཧོ་ཝཱ་གཟིགས་མཛོད། ངས་ངོ་ལོག་ཚོད་མེད་བྱས་པས་ཁོག་ནང་ངའི་སྙིང་ཁྱོར་ཏོ། ཕྱི་ན་རལ་གྲིས་མི་རབས་གཅོད་ནང་ན་འཆི་བ་ལྟར་འདུག
༢༡ ངས་ཤུགས་ནར་བྱིན་པ་མིས་ཐོས་རུང་སེམས་གསོ་མཁན་སུའང་མེད། དགྲ་ཀུན་ངའི་སྡུག་ཚོར་ཏེ་ཁྱེད་ཀྱིས་མཛད་པ་དེ་ལ་དགའ། ཁྱེད་ཀྱིས་བསྒྲགས་པའི་ཞག་བསླེབས་ནས་དེ་རྣམས་བདག་འདྲར་འགྱུར་འོང་།
༢༢ དེ་རྣམས་ཀྱི་མི་རུང་བ་ཀུན་ཁྱེད་ཞལ་སྔར་འབྱུང་བར་ཤོག བདག་གི་ཉེས་འགལ་ཐམས་ཅད་ཕྱིར་ངའི་ཤུགས་ནར་མང་དྲགས་ཤིང་། ངའི་སྙིང་དུབ་པར་མཛད་བཞིན་དེ་དག་ལ་ཡང་མཛོད་ཅིག།