ལུང་སྟོན་པ་ཡེ་རེམ་ཡཱའི་མདོ།
བེན་ཡ་མིན་ཡུལ་གྱི་ཨ་ན་ཐོད་པའི་བླ་མ་རྣམས་ཀྱི་ཁོངས་སུ་གཏོགས་པའི་ཧིལ་ཀི་ཡཱའི་བུ་ཡེ་རེམ་ཡཱའི་གསུང་རྣམས་ནི།  དེ་ལ་ཡ་ཧུ་དཱའི་རྒྱལ་པོ་ཨ་མོན་གྱི་བུ་ཡོ་ཤི་ཡཱས་རྒྱལ་སྲིད་སྐྱོང་བའི་ལོ་ངོ་བཅུ་གསུམ་པའི་ནང་དུ་ཡ་ཧོ་ཝཱའི་བཀའ་ཕེབས་སོ།  དེའི་འོག་ཏུ་ཡང་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཡོ་ཡཱ་ཀིམ་གྱི་དུས་ནས། ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཚེ་དེག་ཡཱས་སྲིད་བྱེད་པའི་ལོ་ངོ་བཅུ་གཅིག་པའི་མཇུག་གི་བར་དུའམ། ཟླ་བ་ལྔ་པའི་ནང་དུ་ཡེ་རུ་ཤ་ལེམ་བཙོན་དུ་འཁྲིད་པའི་བར་དུ་བྱུང་བར་གྱུར་ཏོ༎
 དེའང་ཡ་ཧོ་ཝཱའི་བཀའ་བདག་ལ་བྱུང་ནས་འདི་སྐད་དུ།  ངས་ཁྱོད་གྲོད་པའི་ནང་དུ་མ་བཀོད་པའི་གོང་དུའང་ཁྱོད་ངོ་ཤེས་ཏེ། ཁྱོད་མངལ་གྱི་ནང་ནས་མ་བྱུང་བའི་སྔོན་དུའང་ཁྱོད་དམ་པར་བྱས་ཏེ། མི་བརྒྱུད་རྣམས་ཀྱི་ལུང་སྟོན་པར་བསྐོས་པ་ཡིན། ཞེས་གསུངས་པ་དང་།  ངས། ཨེ་མ། ཀྱེ་ཡ་ཧོ་ཝཱ་གཙོ་བོ་ལགས། ང་ནི་བྱིས་པ་ཞིག་ཡིན་པས། གཏམ་བྱེད་པར་མི་ནུས་སོ། ཞེས་ཞུས་སོ།  འོན་ཀྱང་ཡ་ཧོ་ཝཱས་ང་ལ། ང་བྱིས་པ་ཡིན་མ་ཟེར་ཞིག དེ་ཅིའི་ཕྱིར་ཞེ་ན། ངས་ཁྱོད་གང་དང་གང་གི་དྲུང་དུ་གཏོང་ཡང་། ཁྱོད་འགྲོ་ཞིང་། ངས་ཁྱོད་ལ་སྒོ་བ་ཐམས་ཅད་ཁྱོད་ཀྱིས་ཟེར་བར་བྱའོ།  ཁྱོད་སྐྱོབ་པའི་ཕྱིར་ང་ཁྱོད་དང་འགྲོགས་པས། དེ་རྣམས་ཀྱི་ངོ་གདོང་ལ་མ་འཇིགས་ཤིག ཅེས་ཡ་ཧོ་ཝཱས་གསུང་ངོ་།  དེ་ནས་ཡ་ཧོ་ཝཱས་ཉིད་ཀྱི་ཕྱག་བརྐྱངས་ཏེ། ངའི་ཁ་ལ་རེག་ནས། ཡ་ཧོ་ཝཱས་བདག་ལ། ཀྱེ་ཧོ་ངས་ཁྱོད་ཀྱི་ཁའི་ནང་དུ་ཉིད་ཀྱི་བཀའ་བཅུག་པ་ཡིན། ༡༠ ལྟོས་ཤིག དྲུང་འབྱིན་པ་དང་། རྡབ་པ་དང་། མེད་པར་བྱེད་པ་དང་། རློག་པ་དང་། རྩིག་པ་དང་། འཛུགས་པའི་དོན་དུ། ཁོ་བོས་དེ་རིང་ཉིན་མོར་ཁྱོད་ལ། མི་བརྒྱུད་ཀུན་དང་། རྒྱལ་ཁམས་ཀུན་གྱི་ཐོག་ཏུ་མངའ་གསོལ་བ་ཡིན། ཞེས་གསུངས་སོ༎
༡༡ སླར་ཡང་བདག་ལ་ཡ་ཧོ་ཝཱའི་གསུང་བྱོན་ཞིང་། ཀྱེ་ཡེ་རེམ་ཡཱ། ཅི་མཐོང་འདུག་ཅེས་གསུངས་པས། ངས་རྒྱ་གར་སྟར་གའི་ཤིང་གི་ཡལ་ག་ཞིག་མཐོང་འདུག་ཅེས་ཞུས་སོ། ༡༢ དེ་ནས་ཡ་ཧོ་ཝཱས་ང་ལ། ཁྱོད་ཀྱིས་ལེགས་པར་མཐོང་ངོ་། དེ་ཅིའི་ཕྱིར་ཞེ་ན། ངས་ཉིད་ཀྱི་བཀའ་མཆིད་སྒྲུབ་པ་ལ་རིངས་པར་འགྱུར་རོ། ཞེས་གསུངས་སོ༎
༡༣ ཐེངས་གཉིས་པར་བདག་ལ་ཡ་ཧོ་ཝཱའི་གསུང་བྱོན་ཏེ། ཅི་མཐོང་འདུག་ཅེས་གསུངས་པས། ངས་ཟངས་འཁོལ་བ་ཞིག་མཐོང་འདུག དེའི་གདོང་བྱང་ཕྱོགས་ལས་འདུག་ཅེས་ཞུས་སོ། ༡༤ དེ་ནས་ཡ་ཧོ་ཝཱས་ང་ལ། བྱང་གི་ཕྱོགས་ལས་ཡུལ་འདིར་གནས་པ་ཡོངས་ཀྱི་ཐོག་ཏུ་རྐྱེན་ངན་ཞིག་རྡོལ་བར་འགྱུར་རོ། ༡༥ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། ངས་བྱང་གི་རྒྱལ་སྲིད་རྣམས་ཀྱི་མི་བརྒྱུད་མཐའ་དག་ལ་འབོད་པར་བྱ་བ་དང་། དེ་དག་འོང་སྟེ། ཡེ་རུ་ཤ་ལེམ་གྱི་རྒྱ་སྒོ་རྣམས་ཀྱི་མདུན་དུ་དང་། དེའི་ལྕགས་རིའི་འཁོར་ཡུག་ཚང་མར་ཡ་ཧུ་དཱའི་གྲོང་ཁྱེར་ཀུན་གྱི་ཐད་དུ་དེ་དག་རེ་རེས་རང་གི་རྒྱལ་ཁྲི་རྒྱབ་པར་འགྱུར་རོ། ༡༦ འདི་ཚོས་བདག་བསྐྱུར་ཏེ། གཞན་ལྷ་རྣམས་ཀྱི་དྲུང་དུ་བསངས་བཏང་སྟེ། དེ་དག་རང་གི་ལག་པས་བཟོས་པ་རྣམས་ལ་ཕྱག་བཙལ་བས། འདི་དག་གི་ངན་པ་ཐམས་ཅད་ལ་རག་ལས་པའི་བཀས་བཅད་རྣམས་ངས་སྒྲོག་པར་བྱའོ༎
༡༧ དེ་བས་ན་ཁྱོད་རང་གི་སྐ་རགས་སྡོམ་ལ། ལོངས་ཤིག་དང་། ངས་ཁྱོད་ལ་སྒོ་བ་ཐམས་ཅད་དེ་དག་ལ་སྦྲོན་ཞིག དེ་དག་གི་ངོ་གདོང་ལ་ཞུམ་པར་མ་གྱུར་ཞིག དེ་མིན་ངས་ཁྱོད་དེ་དག་གི་མདུན་དུ་ངོ་ཞུམ་དུ་འཇུག་གོ། ༡༨ དེ་ཅིའི་ཕྱིར་ཞེ་ན། ཀྱེ་ཧོ། ངས་དེ་རིང་གི་ཉིན་མོར་ཡུལ་ཁམས་ཐམས་ཅད་ཀྱི་ཐད་དུ་དང་། ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་ཐད་དུ་དང་། དེའི་ཇོ་བོ་རྣམས་ཀྱི་ཐད་དུ་དང་། དེའི་བླ་མ་རྣམས་ཀྱི་ཐད་དུ་དང་། ཡུལ་མི་རྣམས་ཀྱི་ཐད་དུ། ཁྱོད་ནི་རྫོང་བཙན་པོ་ཞིག་དང་། ལྕགས་ཀྱི་ཀ་བ་དང་། ར་གན་གྱི་ལྕགས་རི་རྣམས་སུ་མཛད་ཡོད་པས་ན། ༡༩ དེ་དག་གིས་ཁྱོད་ལ་རྒོལ་ཡང་ཁྱོད་ལ་ཐུབ་པར་མི་འགྱུར། གང་ལ་ཟེར་ན། ང་ནི་ཁྱོད་སྐྱོབ་པའི་ཕྱིར་ཁྱོད་དང་འགྲོགས་སོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎