ལུང་སྟོན་པ་ཡེ་ཤ་ཡཱའི་མདོ།
ཨ་མོས་ཀྱི་བུ་ཡེ་ཤ་ཡཱས་ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱ་དང་། ཡོ་ཐམ་དང་། ཨ་ཧས་དང་། ཧིས་ཀི་ཡཱ་བཞིའི་རིང་དུ་ཡ་ཧུ་དཱ་དང་། ཡེ་རུ་ཤ་ལེམ་གྱི་སྐོར་དུ་མཐོང་བར་གྱུར་པའི་གཟིགས་སྣང་ནི།
 ཀྱེ་ནམ་མཁའ་རྣམས། ཚུར་ལ་གསན། ཀྱེ་ས་གཞི། རྣ་བ་ཐུད་ཅིག དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་བྱུང་། ངས་ཕྲུ་གུ་རྣམས་བསྲལ་ནས་བསྐྱངས་པ་ལས། དེ་དག་གིས་ང་ལ་ངོ་ལོག་བྱས།  གླང་གིས་རང་གི་བདག་པོ་ངོ་ཤེས། བོང་བུས་རང་གི་ཡོན་བདག་གི་བྲེས་ཀྱུ་ཤེས་རུང་། ཨིས་ར་ཨེལ་གྱིས་དེ་ཙམ་མི་ཤེས། ངའི་འབངས་རྣམས་ཀྱིས་བསམ་བློ་ཅིའང་མི་གཏོང་ངོ་།  ཀྱི་ཧུད། ཀྱེ་ཉེས་སྡིག་ཅན་གྱི་མི་རིགས། སྡིག་པའི་ཁལ་དང་ལྡན་པའི་མི་བརྒྱུད། མཚམས་མེད་པ་སྤྱོད་པའི་བརྒྱུད། བསྟན་བཤིག་གི་བུ་རྣམས། འདི་རྣམས་ཀྱིས་ཡ་ཧོ་ཝཱ་སྤངས། ཨིས་ར་ཨེལ་གྱི་དམ་པ་དེ་ཉིད་ལ་སྨད་དེ། ཡོངས་སུ་འཁྱར་བར་གྱུར་ཏོ༎
 སླར་ཁྱོད་ལ་རྡེག་པ་ཅི་མྱོང་བར་འགྱུར། ཁྱོད་མང་དུ་ཁ་ལོ་གྱོང་པོ་བྱེད། མགོ་ན་ཞིང་། སྙིང་ཡོངས་སུ་འཁམས་པར་འགྱུར།  རྐང་མཐིལ་ནས་སྤྱི་བོའི་བར་དུ་ནད་མེད་པའི་གནས་གང་ནའང་མེད་པར། རྨ་དང་། འགྲམ་དང་། རྨ་ཁ་རུལ་བ་དང་ལྡན་གྱིས། དེ་རྣམས་མ་བཙིར་མ་བསྡམས་པར་བཞག་སྟེ། སྣུམ་གྱིས་ཀྱང་འབོལ་མོ་མ་བྱས་སོ།  ཁྱོད་ཀྱི་ཡུལ་སྟོངས། གྲོང་ཁྱེར་རྣམས་མེས་བསྲེགས། འཁྱམ་པོས་ཁྱོད་ཅག་གི་མདུན་དུ་ཁྱོད་ཀྱི་ཡུལ་ཟ་ཞིང་། མི་ཡན་གྱིས་བཤིག་པ་ལྟ་བུར་སྟོངས་ནས་འདུག  ཙི་ཨོན་གྱི་བུ་མོ་ནི་རྒུན་ཚལ་གྱི་ནང་དུ་ཡོད་པའི་སྤྱིལ་པོ་དང་། ཟ་གོན་གྱི་ཚལ་ན་ཡོད་པའི་དབྱར་ས་དང་། དམག་གིས་མཐའ་བསྐོར་བའི་གྲོང་ཁྱེར་དང་འདྲ་བར་ལུས་ནས་འདུག  ངེས་མེད་དུ་དཔུང་ཆེན་གྱི་ཡ་ཧོ་ཝཱས་ངེད་ཀྱི་ལྷག་མ་ཅུང་ཟད་ཅིག་བཞག་པར་མ་མཛད་ན། དེ་ནས་ངེད་སོ་དོམ་ལྟ་བུ་དང་། གོ་མོ་རཱ་དང་འདྲ་བར་གྱུར་པ་ཡིན།
༡༠ ཀྱེ་སོ་དོམ་གྱི་ཇོ་བོ་དག ཡ་ཧོ་ཝཱའི་བཀའ་ལ་ཉོན་ཞིག ཀྱེ་གོ་མོ་རཱ་པ་རྣམས། ངེད་ཅག་གི་དཀོན་མཆོག་གི་བཀའ་ཁྲིམས་ལ་རྣ་བ་ཐོད་ཅིག ༡༡ ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་ཅག་གི་མཆོད་པ་རྒྱ་ཆེ་བ་དང་ང་ལ་དོན་ཅི་ཡོད། བདག་ནི་ལུག་ཐུག་གི་སྦྱིན་སྲེག་དང་། སོས་ལུག་གི་ཚིལ་གྱིས་ཚིམ་སྟེ། གླང་ངམ། ལུ་གུ་འམ། ར་ཐུག་གི་ཁྲག་ལ་བདག་མི་དགའོ། ༡༢ ཁྱོད་ཅག་ངའི་སྤྱན་སྔར་རང་གི་ལུས་སྟོན་དུ་འོང་དུས་སུ། ངའི་ཁྱམས་རྣམས་ལ་རྡོག་པ་རྒྱབ་པ་སུས་ཁྱོད་ལས་འཚོལ། ༡༣ ད་ཕྱིན་ཆད་མཆོད་པ་ཟོལ་ཟོག་ཅན་མ་ཕུལ་ཞིག བདུག་སྤོས་ལ་བདག་ཡི་ག་ལོག ཟླ་ཚེས་དང་། ཤབ་བཱད་དང་། འཛོམ་རང་རྣམས་ལ་ཡང་བདག་བསུན་ནོ། དུས་ཆེན་རང་ཡང་ཆོས་མ་ཡིན་པའོ། ༡༤ ཁྱོད་ཅག་གི་ཟླ་ཚེས་རྣམས་དང་། དུས་ཆེན་རྣམས་ལ་བདག་གི་ཐུགས་ཀྱིས་སྡང་ངོ་། དེ་དག་ནི་ང་ལ་ཁལ་ཡིན་པས། དེ་དག་ཁུར་དུ་བདག་ཡི་བསུན་ནོ། ༡༥ ཁྱོད་ཅག་གིས་ལག་པ་འདིང་དུས། ངས་ཉིད་ཀྱི་སྤྱན་འགེབས་པར་བྱའོ། འོ་ན། ཁྱོད་ཀྱིས་སྨོན་ལམ་མང་པོ་འདེབས་དུས་ངས་གསན་པར་མི་བྱའོ། ཁྱོད་ཅག་གི་ལག་པ་ནི་མིའི་ཁྲག་གིས་གང་བས་སོ། ༡༦ རང་ཁྲུས་ནས་གཙང་སྦྲ་བྱོས། རང་གི་སྤྱོད་པ་ངན་པ་རྣམས་ངའི་སྤྱན་སྔ་ནས་ཕར་ཁྱེར། སྤྱོད་པ་ངན་པ་སྤོང་ཞིག ༡༧ སྤྱོད་པ་བཟང་པོ་སློབས་ཤིག ཁྲིམས་དྲང་པོ་ལ་སྙེགས་ཤིག སྡུག་ཕོངས་མནན་པ་དག་སྐྱོབ་ཅིག དྭ་ཕྲུག་ལ་གཤགས་དང་། མོ་རང་མོ་ལ་རོགས་རམ་གྱིས་ཤིག
༡༨ ད་ཚུར་ཤོག་ལ། ངེད་ལྷན་ཅིག་ཏུ་ཚོགས་ནས་བརྟག་དཔྱད་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ཁྱོད་ཀྱི་སྡིག་པ་རྣམས་མཚལ་ཁ་འདྲ་ཡོད་རུང་། ཁ་བ་ལྟར་དཀར་པོར་འགྱུར་འོང་། དེ་རྣམས་ནི་རྒྱ་སྨུག་ལྟར་དམར་པོ་ཡོད་རུང་། བལ་འདྲ་འགྱུར་བར་འགྱུར། ༡༩ གལ་ཏེ་ཁྱོད་འཐད་དེ་བཀའ་ལ་ཉན་ན། ཡུལ་གྱི་ལོ་ཐོག་བཟང་པོ་དེ་ཟ་བར་འགྱུར། ༢༠ ངེས་མེད་དུ་མ་ཉན་པར་ངོ་ལོག་བྱེད་ན། རལ་གྲིའི་གཟན་དུ་འགྱུར་བར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ཉིད་ཀྱི་ཞལ་ལས་གསུངས་པའི་ཕྱིར་རོ༎
༢༡ གཙང་བའི་གྲོང་ཁྱེར་དེ་སྨད་འཚོང་མར་ཇི་ལྟར་འགྱུར་ལ་སོང་། སྔར་དེ་ན་ཁྲིམས་དྲང་པོས་གང་སྟེ། དྲང་བ་ཉིད་ཀྱི་གནས་ཚང་ཞིག་ལགས་རུང་། ད་ནི་མི་བསད་རྣམས་གནས། ༢༢ ཁྱོད་ཀྱི་རྒུན་སྐྱེམ་ལ་ཆུ་འདྲེས། ཁྱོད་ཀྱི་དངུལ་དྲི་རྒོད་དུ་གྱུར་ཏེ། ༢༣ ཁྱོད་ཀྱི་དཔོན་པོ་དག་གཉའ་རེངས་ཅན་དང་རྐུན་པོའི་གྲོགས་པོ་སྟེ། དེ་ཡིས་ཕག་སུག་ལ་ཆགས་ཤིང་རྔན་པར་རྔམ། དྭ་ཕྲུག་རྣམས་ལ་གཤགས་མི་སྟེར། མོ་རང་མོའི་རྒྱུ་རྐྱེན་ཡང་དེ་དག་དྲུང་དུ་མི་སླེབ།
༢༤ དེའི་སླད་དུ་ཨིས་ར་ཨེལ་གྱི་མཐུ་ལྡན་གྱི་དཔུང་ཆེན་གྱི་ཡ་ཧོ་ཝཱ་གཙོ་བོས་འདི་སྐད་དུ། འོ། ངས་རང་གི་ཕ་རོལ་པ་རྣམས་མེད་པར་བྱས་ནས་ཐུགས་དལ་འོང་། རང་གི་དགྲ་ལས་དགྲ་ལན་རྩོད་པར་བྱ། ༢༥ ཡང་ངས་ཁྱོད་ཀྱི་ཁར་ཕྱག་བསྒྱུར་ནས། རྒྱ་ཚས་གཡའ་གཅོད་པ་ལྟར་དུ་ཁྱོད་ཀྱི་དྲི་རྒོད་ཁྲུས་ཏེ། ཁྱོད་ནང་ཡོད་པའི་ལྷད་འདོན་པར་བྱའོ། ༢༦ ཡང་ངས་ཁྱོད་ཀྱི་ཁྲིམས་དཔོན་རྣམས་སྔར་ལུགས་དང་། ཁྱོད་ཀྱི་གྲོས་མི་དག་སྔར་ལམ་དུ་སོར་འཛུད་པར་བྱའོ། དེའི་འོག་ཏུ་ཁྱོད་ལ་དྲང་བ་ཉིད་ཀྱི་ཡུལ་དང་། གཙང་བའི་གྲོང་ཁྱེར་ཟེར་བར་འགྱུར། ༢༧ ཙི་ཨོན་ནི་བཀའ་ཁྲིམས་ཀྱི་ངང་ནས་སྒྲོལ་ཞིང་། སེམས་བསྒྱུར་པ་དག་དྲང་བ་ཉིད་ཀྱི་སྒོ་ནས་ཐར་བར་འགྱུར་རོ། ༢༨ འོན་ཀྱང་སྡིག་ཅན་དང་ངན་པར་སྤྱོད་པ་ཐམས་ཅད་ལྷན་ཅིག་ཏུ་མེད་པར་འགྱུར། ཡ་ཧོ་ཝཱ་སྤངས་པ་དག་ནུབ་པར་འགྱུར་རོ། ༢༩ གང་ལ་ཞེ་ན། ཁྱོད་ཀྱིས་འདོད་པའི་བེ་ཤིང་རྣམས་ཀྱིས་སྐྱེང་ཞིང་། ཁྱོད་ཀྱིས་འདམས་པའི་ཚལ་རྣམས་ཀྱིས་ངོ་ཚ་བར་འགྱུར། ༣༠ ཡང་ཁྱོད་ནི་ལོ་མ་རྙིད་པའི་བེ་ཤིང་དང་། ཆུ་ཆད་པའི་ཚལ་ལྟ་བུར་འགྱུར་བར་འགྱུར། ༣༡ དཔའ་བོ་ནི་སྤྲ་བ་དང་། དེའི་བཟོ་ལས་མེ་སྟག་ལྟ་བུར་གྱུར་ཏེ། གཉིས་པོ་ལྷན་ཅིག་ཏུ་འཚིག་པར་འགྱུར་གྱི། སུས་ཀྱང་དེ་དག་གི་མེ་གསོད་པར་མི་འགྱུར་རོ༎