༢
ཨ་མོས་ཀྱི་བུ་ཡེ་ཤ་ཡཱས་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་ཆེད་དུ་མཐོང་བའི་བཀའི་གཏམ་ནི།༢ མཐའ་མའི་ཉིན་མོ་རྣམས་སུ་འབྱུང་རྒྱུ་ནི། ཡ་ཧོ་ཝཱའི་ཕོ་བྲང་གི་རི་བོ་དེ་ནི། གཞན་རི་བོ་རྣམས་ཀྱི་རྩེ་མོར་འཇོག་ཅིང་། རི་ཕྲན་དག་ལས་ཡར་འདེགས་པར་འགྱུར་བ་དང་། མི་བརྒྱུད་ཐམས་ཅད་དེའི་ཕྱོགས་སུ་ཆས་པར་བྱའོ། ༣ མི་མང་པོ་འགྲོ་ཞིང་འདི་སྐད་དུ། ཤོག་ལ། ངེད་ཅག་ཡ་ཧོ་ཝཱའི་རི་བོར། ཡ་ཀོབ་ཀྱི་དཀོན་མཆོག་གི་ཕོ་བྲང་ལ་ཡར་འདོང་བར་བྱ། ཁོང་གིས་ངེད་ཅག་ལ་ཉིད་ཀྱི་གཤེགས་ལམ་རྣམས་སྟོན་པར་མཛད་པར་འགྱུར། ངེད་ཀྱང་ཁོང་གི་གཤེགས་ལམ་ནང་འགྲུལ་བར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ཙི་ཨོན་གྱི་ནང་ནས་བཀའ་རྒྱ་དང་། ཡེ་རུ་ཤ་ལེམ་གྱི་ནང་ནས་ཡ་ཧོ་ཝཱའི་བཀའ་འབྱོན་པར་འགྱུར་རོ། ༤ ཡང་ཁོང་གིས་མི་བརྒྱུད་དག་གི་བར་ན་ཞལ་ཆེ་གཅད་དེ། མི་སྡེ་དུ་མ་ལ་བཀའ་བཀྱོན་མཛད་པར་འགྱུར་རོ། ཡང་དེ་དག་གིས་རང་གི་རལ་གྲི་རྣམས་བཤིག་སྟེ་རྨོ་ལྕགས་དང་། མདུང་རྣམས་ལ་ཟོར་བ་བཟོ་བར་འགྱུར། དེ་ནས་མི་བརྒྱུད་སུས་ཀྱང་གཞན་མི་བརྒྱུད་ལ་རལ་གྲི་གདེང་བར་མི་འགྱུར། དམག་ཀྱང་སྦྱོང་བར་མི་འགྱུར་རོ༎
༥ ཀྱེ་ཡ་ཀོབ་ཀྱི་བུ་བརྒྱུད་ཚུར་ཤོག་དང་། ང་ཚོ་ཡ་ཧོ་ཝཱའི་འོད་ཀྱི་ནང་ན་འགྲུལ་བར་བྱའོ༎
༦ ཁྱེད་ཀྱིས་རང་གི་མི་ཡིན་པའི་ཡ་ཀོབ་ཀྱི་བརྒྱུད་པ་རྣམས་དོར་བར་བྱས་པའི་རྐྱེན་ནི། དེ་དག་ཤར་ཕྱོགས་པས་གང་སྟེ། ཕེ་ལེ་ཤེད་པ་ལྟར་མཚན་མཁན་ལགས། རྒྱལ་ཁམས་པའི་བུ་རྣམས་དང་ལག་ཆད་བྱེད། ༧ དེ་དག་གི་ཡུལ་ནི་གསེར་དངུལ་གྱིས་གང་སྟེ། ནོར་ཡང་ཟིན་རྒྱུ་མེད། དེའི་ཡུལ་ནི་རྟས་གང་ཞིང་། ཤིང་རྟ་ཡང་གྲངས་མེད་འདུག ༨ དེ་དག་གི་ཡུལ་སྐུ་འདྲས་ཀྱང་གང་སྟེ། རང་གི་ལག་པས་བཅོས་པའི་བཟོ་དང་། རང་གི་མཛུབ་བུས་བཅོས་པ་ལ་ཕྱག་འཚལ་བར་བྱེད། ༩ ཡང་མི་ཆུང་བས་ཕྱག་འཚལ་ཞིང་། མི་ཆེན་པོས་ཀྱང་གུས་པ་བྱེད་པས་ན། དེ་དག་ལ་ཐུགས་བཟོད་མ་མཛད། ༡༠ ཡ་ཧོ་ཝཱའི་འཇིགས་པ་དང་། ཁོང་གི་དཔལ་གྱི་གཟི་བརྗིད་ཀྱི་ཕྱིར་དུ། རི་འོག་ཏུ་འཛུལ་ལ། ཐལ་ཁྲོད་ཡིབ་པར་བྱོས། ༡༡ མིག་རྩ་ཆེ་བ་རྣམས་ཕབ་སྟེ། མིའི་ང་རྒྱལ་ཉམས་པར་བྱས་ཏེ། ཡ་ཧོ་ཝཱ་གཅིག་འབའ་ཞིག་ཉིན་མོ་དེར་འཕགས་པར་འགྱུར་བར་འགྱུར་རོ༎
༡༢ དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་གྱི་ཡ་ཧོ་ཝཱའི་ཉིན་མོ་དེ་ནི་ང་རྒྱལ་ཅན་དང་། རང་མཐོང་ཅན་དང་། དྲེགས་པ་ཅན་རེ་རེའི་སྟེང་དུ་བབས་ནས་རྡུལ་དུ་རློག་པར་འགྱུར། ༡༣ ཡང་ལི་བ་ནོན་གྱི་འགྱམ་ཤིང་འཕགས་ཤིང་མཐོ་བ་ཀུན་གྱི་ཐོག་ཏུ་དང་། བཱ་ཤན་གྱི་བེ་ཤིང་ཐམས་ཅད་ཀྱི་སྟེང་དུ་དང་། ༡༤ རི་མཐོ་མཐོ་ཚང་མའི་སྟེང་དུ་དང་། སྒང་མཐོན་པོ་ཐམས་ཅད་ཀྱི་སྟེང་དུ་དང་། ༡༥ རྫོང་མཐོ་མཐོ་རེ་རེའི་སྟེང་དུ་དང་། ར་བའི་ལྕགས་རི་རེ་རེའི་སྟེང་དུ་དང་། ༡༦ ཐར་ཤིས་ཀྱི་གྲུ་གཟིངས་ཐམས་ཅད་ཀྱི་སྟེང་དུ་དང་། དོན་དུ་ཡིད་མགུ་བའི་བྱུས་ཐམས་ཅད་ཀྱི་སྟེང་དུ་འབབ་པར་འགྱུར་ཞིང་། ༡༧ མིའི་ང་རྒྱལ་བཅག་སྟེ། མི་རྣམས་ཀྱི་རང་མཐོང་དེ་ཕབ་ནས། ཡ་ཧོ་ཝཱ་གཅིག་འབའ་ཞིག་ཉིན་མོ་དེར་འཕགས་པར་འགྱུར་རོ། ༡༨ དེ་ནས་སྐུ་འདྲ་ནི་རྩ་བ་ནས་མེད་པར་འགྱུར། ༡༩ ཡ་ཧོ་ཝཱས་ས་ཆེན་དྲག་ཏུ་གཡོ་བར་བཞེང་བའི་ཚེ་ན། ཁོང་གི་འཇིགས་པ་དང་དཔལ་གྱི་གཟི་བརྗིད་ཀྱི་རྐྱེན་གྱིས། དེ་རྣམས་བྲག་ཕུག་དང་། སའི་ཁུང་རྣམས་སུ་འཛུལ་བར་བྱའོ། ༢༠ ཡ་ཧོ་ཝཱས་ས་གཞི་དྲག་ཏུ་གཡོ་བར་བཞེང་བའི་ཚེ་ན། ཁོང་གི་འཇིགས་པ་དང་དཔལ་གྱི་གཟི་བརྗིད་ཀྱི་རྐྱེན་གྱིས། ༢༡ ཉིན་མོ་དེར་མི་རྣམས་བྲག་སྲུབ་དང་བྱ་སྐྱིབས་ཀྱི་ནང་དུ་ཞུགས་པའི་སླད་དུ། རྫ་བྲ་དང་ཕ་ཝང་གི་མདུན་དུ་རིམ་གྲོ་བྱེད་དུ་བཟོས་པའི་དངུལ་སྐུ་དང་གསེར་སྐུ་དག་དབྱུག་པར་འགྱུར་རོ༎
༢༢ དེ་བས་ན་སྣ་ཁུང་ནང་དབུགས་ཡོད་པའི་མི་ལས་བྱོལ་ཞིག དེ་ལ་འཁྱུད་ཅི་ཞིག་ཡོད༎