༣
དེ་བས་ན་ལྟོས་ཤིག དཔུང་ཆེན་གྱི་ཡ་ཧོ་ཝཱ་གཙོ་བོས་ཡེ་རུ་ཤ་ལེམ་དང་ཡ་ཧུ་དཱ་གཉིས་ཀྱི་ནང་ནས་གཏེ་དང་གཏད་སོ། བག་ལེབ་ཀྱི་གཏེ་ཐམས་ཅད་དང་ཆུའི་གཏད་སོ་ཐམས་ཅད་དང་། ༢ མི་དཔའ་བོ་དང་། དམག་རྩལ་ཅན་དང་། ཁྲིམས་དཔོན་དང་། ལུང་སྟོན་པ་དང་། མངོན་བཤེས་པ་དང་། རྒན་པོ་དང་། ༣ ལྔ་བཅུ་དཔོན་དང་། མི་ཞེ་ས་ཅན་དང་། གྲོས་དཔོན་དང་། འཁྲུལ་པ་རྩལ་ཅན་དང་། ངན་སྔགས་ནང་མཁས་པ་དང་བཅས་སུ་དབྱུང་བོ། ༤ ཡང་ངས་དེ་དག་གི་དཔོན་པོར་བྱིས་པ་རྣམས་བསྐོ་བ་དང་། བུ་ཆུང་ཚོས་དེ་དག་ལ་སྲིད་བྱའོ། ༥ ཡང་མིའི་ནང་ནས་རེ་རེ་ཡིས་གཞན་དང་། རེ་ཡིས་རང་གི་ཁྱིམ་མཚེས་པ་ནོན་པར་འགྱུར། གཞོན་པས་རྒན་རབས་དང་། མ་རབས་ཀྱིས་ཡ་རབས་ལ་སྤྱོམ་པར་འགྱུར། ༦ དེའི་ཚེ་མི་ཞིག་གིས་རང་གི་ཕ་སྤད་ཀྱི་སྤུན་ལ་འཇུས་ནས། ཁྱེད་ལ་གོས་ཡོད་པས། ངེད་ཅག་གི་དཔོན་པོར་གྱུར་ཏེ། སྟོངས་པ་འདི་ཁྱེད་ཀྱིས་མངའ་བར་གྱུར་ཅིག་ཅེས་ཞུའི། ༧ ཉིན་མོ་དེར་དེས་མནའ་སྐྱེལ་ཞིང་། ངའི་ཁྱིམ་ན་བག་ལེབ་ཀྱང་མེད། གོས་ཀྱང་མེད་པའི་ཕྱིར། བདག་གསོ་བྱེད་དུ་འགྱུར་མི་རུང་། བདག་མི་རྣམས་ཀྱི་དཔོན་པོར་མ་ཆུག་ཅིག་ཅེས་ཟེར་བར་འགྱུར།༨ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་དཔལ་ལྡན་གྱི་སྤྱན་དེ་ལ་ཐུགས་ཁྲོ་དཀྲུག་ཏུ་ཁོང་ལ་རྒོལ་བའི་ལྕེ་དང་སྤྱོད་པ་ཡོད་པས་ན། ཡེ་རུ་ཤ་ལེམ་ནི་བཞིག་སྟེ། ཡ་ཧུ་དཱ་ནི་བརྡིབས་སོ། ༩ དེ་དག་གི་ངོ་གདོང་གིས་དེ་དག་ལ་དཔང་བྱེད། སོ་དོམ་ལྟར་རང་གི་ཉེས་སྡིག་མངོན་པར་བྱེད་ཅིང་མི་སྦེད། དེ་དག་གི་སེམས་ལ་བཀྲ་མི་ཤིས། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་རང་ལ་བཀྲ་མི་ཤིས་པ་འདྲེན་པར་བྱེད་པའི་ཕྱིར་རོ༎
༡༠ འོན་ཆོས་དྲང་པོ་དག་རང་གི་ལས་ཀྱི་འབྲས་བུ་ཟ་ཞིང་། བདེ་བར་འགྱུར་འོང་ཞེས་སྦྲོན་ཞིག ༡༡ མི་ངན་པ་ལ་བཀྲ་མི་ཤིས་པར་ངན་པ་འབབ་འོང་། དེ་ཅིའི་ཕྱིར་ཞེ་ན། རང་གི་ལག་པས་འབད་པ་དེ་རྙེད་འོང་བའི་ཕྱིར་རོ། ༡༢ ངའི་མི་བརྒྱུད་ལ་ནི། ཕྲུ་གུས་རྔན་ཆེན་བྱེད་ཅིང་། བུད་མེད་རྣམས་ཀྱིས་ཀྱང་སྲིད་བྱེད། ཀྱེ་ངའི་མི་བརྒྱུད། ཁྱོད་ཀྱི་ལམ་སྣ་པས་ཁྱོད་ལོག་པར་དུ་འདྲེན། ཁྱོད་ཀྱི་རྒྱུ་ལམ་རྣམས་ཀྱི་ཤུལ་ལམ་འཇིག་པར་བྱེད་དོ༎
༡༣ ཡ་ཧོ་ཝཱ་ཁུང་སྐྱེལ་དུ་ཀྱེར་བཞེངས་ཏེ། མི་སྡེ་འདིའི་ཞལ་ཆེ་གཅོད་དུ་ཡར་བཞེངས་ཏེ་མཆིས། ༡༤ ཡ་ཧོ་ཝཱ་ཉིད་ཀྱི་མི་སྡེའི་རྒན་པོ་དང་། དཔོན་པོ་དག་གི་ཞལ་ཆེ་གཅོད་དུ་འབྱོན་འོང་། ཅི་ལ་ཞེ་ན། ཁྱོད་ཚོས་རྒུན་ཚལ་ཟོས་ཏེ། ཁྱོད་ཅག་གི་ཁྱིམ་རྣམས་ནང་དབུལ་ཕོངས་ལས་བཅོམས་པའི་ནོར་འདུག ༡༥ ཁྱོད་ཅག་གིས་ངའི་མི་བརྒྱུད་ལ་བརྡུང་ཞིང་། མི་དབུལ་པོའི་མགོ་རྫི་བའི་དོན་ཅི་ཡིན། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱ་དཀོན་མཆོག་གིས་གསུང་ངོ་༎
༡༦ སླར་ཡང་ཡ་ཧོ་ཝཱས་འདི་སྐད་དུ། ཙི་ཨོན་གྱི་བུ་མོ་རྣམས་ཁེངས་དྲེགས་ཅན་དང་། མཇིང་པ་ཀྲོང་ཀྲོང་བྱེད། སླུ་བའི་མིག་དང་ལྡན་ཏེ་འགྲུལ། བྱ་རྒྱུ་བྱེད་རྒྱུའི་ངང་ནས་འགྲུལ་ཞིང་། རྐང་པས་ཤིལ་ཤིལ་ཁྲོལ་ཁྲོལ་བྱེད་དོ། ༡༧ དེའི་ཕྱིར་དུ། གཙོ་བོས་ཙི་ཨོན་གྱི་བུ་མོ་རྣམས་ཀྱི་སྤྱི་བོར་བ་ཤང་གདོན་ཞིང་། ཡ་ཧོ་ཝཱས་དེ་དག་གི་གསང་བའི་གནས་ཀྱི་ཁེབས་འཐེན་པར་བྱ། ༡༨ ཉིན་དེར་དེ་དག་གི་ཤིལ་ཤིལ་བྱེད་པའི་རྐང་གདུབ་དང་། སྐྲ་བཀྱིག་དང་། ཟླ་བ་དང་། ༡༩ རྣ་ལོང་དང་། ལག་གདུབ་དང་། གདོང་ཁེབས་དང་། ༢༠ ཞྭ་མོ་དང་། རྐང་རྒྱན་དང་། སྐ་རགས་དང་། དྲི་བཟང་གི་བུམ་པ་དང་། སྲུང་བ་དང་། ༢༡ སོར་གདུབ་དང་། སྣ་ལོང་དང་། ༢༢ གཟབ་གོས་དང་། བླ་གོས་དང་། གཟན་གོས་དང་། ལག་སྣོད་དང་། ༢༣ མེ་ལོང་དང་། ཀ་ཤི་ཀ་དང་། ཐོད་དང་། སྤྱི་ཐེར་དང་། གདོང་ཁེབས་སྲབ་པོ་དང་བཅས་སུ་ཡ་ཧོ་ཝཱས་འཁྱེར་བར་འགྱུར། ༢༤ དེ་ནས་དྲི་བསུང་གི་ཚབ་ཏུ་རུལ་དྲི་དང་། སྐ་རག་གི་ཚབ་ཏུ་ཐག་པ་དང་། སྐྲ་ལོའི་ཚབ་ཏུ་ཕད་སྣམ་ནག་པོ་དང་། སྟོད་ཐུང་གི་ཚབ་ཏུ་རྩྭ་ཕད་གྱོན་པ་དང་། བྱད་ལེགས་པའི་ཚབ་མེ་ཏིལ་རྒྱབ་པ་འབྱུང་བར་འགྱུར། ༢༥ ཁྱོད་ཀྱི་རྩལ་པ་རྣམས་རལ་གྲི་དང་། དཔའ་བོ་རྣམས་འཐབ་མོའི་ནང་དུ་འགྱེལ་བར་འགྱུར། ༢༦ དེ་ནས་རྒྱ་སྒོས་ཆོ་ངེས་དང་མྱ་ངན་བྱ་ཞིང་། མོ་སྟོངས་ནས་ཐལ་ཁྲོད་དུ་སྡོད་པར་འགྱུར་རོ༎