༨
ངའི་ཡུམ་གྱི་ནུ་མ་འཇིབས་པའི་མིང་བོ་ཁྱེད་ཡིན་ན་ཅི་མ་རུང་། དེ་ནས་ངས་ཁྱེད་ཕྱི་རོལ་ན་འཕྲད་སྐབས་ཁ་སྐྱེལ་ཞིང་། སུས་ཀྱང་ང་ལ་བརྙས་པར་མི་འགྱུར། ༢ ངས་ཁྱེད་འཁྲིད་དེ། ངའི་མ་ཁང་དུ་གདན་འདྲེན་པར་བྱ། ཁྱེད་ཀྱིས་ང་ལ་ཞལ་ཏ་མ་མཛད་དེ། ངས་རང་གི་སེ་འབྲུའི་རྩི་བཅུད་ལས་ཁྱེད་ལ་དྲི་ཞིམ་གྱི་རྒུན་སྐྱེམ་སྟེར་བར་བྱ།༣ ཁོང་གི་ཕྱག་གཡོན་མ་ངའི་མགོ་འོག་དང་། ཕྱགས་གཡས་པས་བདག་ལ་འཁྱུད་པར་འགྱུར།
༤ ཀྱེ་ཡེ་རུ་ཤ་ལེམ་གྱི་བུ་མོ་དག ངའི་སེམས་ཀྱི་ཉེ་མོ་དགྱེས་ནས་མ་བཞེངས་པའི་བར་དུ། ཁྱེད་ཚོས་ཁོང་མི་སློང་བ་དང་། མནལ་མི་སད་པའི་དོན་དུ་ངས་ཁྱེད་ཚོ་ལ་མནའ་འགེལ་ལོ༎
༥ འབྲོག་སྟོང་གི་ནང་ནས་རང་གི་སེམས་ཀྱི་ཉེ་མོ་ལ་བསྙེས་ནས། ཚུར་འོང་བ་དེ་སུ་ལགས། ངས་ཁྱེད་ཀུ་ཤུ་ཤིང་གི་ལྐོག་ཏུ་མནལ་སད་པ་ཡིན། དེར་ཁྱེད་ཀྱི་ཡུམ་ལ་ཁྱེད་བལྟམས་ནས། ཁྱེད་མངལ་དུ་ཐོགས་པ་ལ་ཁྱེད་དེ་རུ་འཁྲུངས།
༦ སོར་དུབ་ཕྲ་ལྟར་བདག་ཁྱེད་ཀྱི་སྙིང་དུ་ཆུག ཐེ་མོ་ལྟར་ཕྱག་ངར་ལ་འདོགས་པར་མཛོད། དེ་ཅིའི་ཕྱིར་ཞེ་ན། གདུང་སེམས་ནི་འཆི་བ་ལྟར་སྟོབས་ཤུག་ཆེ་ཞིང་། འཁྲེན་སེམས་ནི་དམྱལ་བ་ལྟར་མཁྲེགས་པོ་ཡིན། དེའི་མེ་རླབས་ནི་མེའི་མེ་ལྕེ་དང་། ཡ་ཧོ་ཝཱའི་མེ་ལྕེ་དང་འདྲ། ༧ ཆུ་མང་པོས་ཀྱང་གདུང་སེམས་སེལ་མི་ནུས། ཆུ་རུད་རྣམས་ཀྱིས་ཀྱང་དེ་སྣུབ་མི་ནུས་ཏེ། ཇི་སྟེ་མི་སུས་ཀྱང་གདུང་སེམས་ཀྱི་དོན་དུ་རང་གི་ཁྱིམ་གྱི་ནོར་རྫས་ཡོད་དོ་ཅོག སྦྱིན་ན། དེ་ནི་རབ་ཏུ་ཁྱད་དུ་སོད་རུང་བའི་གནས་སོ༎
༨ ད་དུང་ངེད་ལ་ནུ་མ་མེད་པའི་སྲིང་མོ་ཞིག་ཡོད། ང་ཚོའི་སྲིང་མོའི་དོན་དུ་གཏམ་འབྱུང་བའི་ཉིན་མོར་ཅི་བྱ། ༩ ཇི་སྟེ་མོ་ནི་ལྕགས་རི་ཞིག་ཡིན་ན། ངེད་ཀྱིས་ཡོའི་ཐོག་ཏུ་དངུལ་གྱི་ཕོ་བྲང་རྩིག་པར་བྱ། ཡང་ཇི་སྟེ་མོ་ནི་སྒོ་ཞིག་ཡིན་ན། ངེད་ཀྱིས་མོ་འགྱམ་ཤིང་གི་སྤང་ལེབ་ཀྱིས་བཙན་པོར་བྱ།
༡༠ ང་ནི་ལྕགས་རི་ཞིག་སྟེ། ངའི་ནུ་མ་ནི་སྤེའུ་དང་མཚུངས། བདག་ཁོང་གི་སྤྱན་དྲུང་དུ་བདེ་བ་ཐོབ་པ་ལྟ་བུ་མཆིས་པ་ཡིན།
༡༡ ཤ་ལོ་མོ་ལ་བ་ཨཱལ་ཧ་མོན་ན་རྒུན་ཚལ་ཞིག་ཡོད་དེ། ཁོང་གིས་རྒུན་ཚལ་དེ་ཚས་མཁན་དག་ལ་བཏད་པ་དང་། དེ་དག་གི་ནང་ནས་རེ་རེས་ཤིང་ཐོག་གི་དོན་དུ་ཊམ་ཀ་སྟོང་ཕྲག་གཅིག་རེ་འཁྱེར་འོང་དགོས་ཡོད་པ་ཡིན།
༡༢ ངའི་རྒུན་ཚལ་དེ་ངའི་མདུན་ན་ཡོད། ཀྱེ་ཤ་ལོ་མོ། ཁྱེད་ཀྱིས་སྟོང་ཕྲག་གཅིག་དང་། དེའི་ཤིང་ཐོག་བསྲུང་མཁན་རེ་ཡིས་ཉིས་བརྒྱ་ཉིས་བརྒྱ་ལེན་པར་མཛོད་ཅིག
༡༣ ཀྱེ་སྐྱེད་ཚལ་རྣམས་ན་བཞུགས་པ་ཁྱེད། ཟླ་གྲོགས་ཀྱིས་ཁྱེད་ཀྱི་གསུང་སྐད་ཐོས་པས། བདག་ལའང་ཐོས་སུ་ཆུག་དང་།
༡༤ ཀྱེ་ངའི་ཡིད་གྲོགས། བལ་སམ་གྱི་རི་བོ་རྣམས་ན་ཡོད་པའི་དགོ་བ་དང་། ཤ་བའི་ར་གུ་ལྟ་བུར་ཁྱེད་མྱུར་པོ་མཛོད་ཅིག། ༎