ཀྱེ་རྒྱལ་པོའི་སྲས་མོ། ལྷམ་གྱོན་པའི་ཁྱེད་ཀྱི་ཞབས་ཅི་འདྲ་བདེ། ཁྱེད་ཀྱི་དཔྱི་རིལ་བ་ལག་མཁས་པའི་བཟོ་བོས་བཟོས་པའི་རིན་པོ་ཆེའི་རྒྱན་དང་མཚུངས།  ཁྱེད་ཀྱི་ལྟེ་བ་ནི་རྒུན་ཆང་གང་བའི་ཡོལ་ཀོར་ཟླུམ་པོ་དང་མཚུངས། ཁྱེད་ཀྱི་སྐུ་ལྟོ་ནི་དྲེས་མའི་མེ་ཏོག་གི་དཀྱིལ་ན་ཡོད་པའི་འབྲུ་ཡི་ཕུང་པོ་དང་མཚུངས།  ཁྱེད་ཀྱི་ནུ་མ་གཉིས་པོ་ཤ་མོའི་ཕྲུ་གུ་མཚེ་མ་དང་མཚུངས།  ཁྱེད་ཀྱི་མགུལ་བདེ་བ་བ་སོའི་སྤེའུ་དང་མཚུངས། ཁྱེད་ཀྱི་སྤྱན་མིག་གཉིས་ནི། ཧེས་བོན་གྱི་བད་རབ་བིམ་རྒྱ་སྒོའི་ལྟེང་ཀ་གཉིས་དང་མཚུངས། ཁྱེད་ཀྱི་ཤངས་ནི། ད་མཱ་སེག་ལ་ལྟ་བའི་ལི་བ་ནོན་གྱི་སྤིའུ་དང་མཚུངས།  ཁྱེད་ཀྱི་སྐུ་སྟོད་ཀྱི་དབུ་ནི། རི་ཀར་མེལ་དང་མཚུངས། ཁྱེད་ཀྱི་དབུའི་ལྕང་ལོ་ནི་རྒྱ་སྨུག་སྟེ། ལན་བུས་རྒྱལ་པོ་བཀྱིག་པར་བྱ།
 ཀྱེ་ཡིད་གྲོགས་མ། དགའ་མགུའི་ཕྱིར་ཁྱེད་ཇི་ལྟར་མཛེས་ཤིང་སྐྱིད་པ་ལགས།  ཁྱེད་ཀྱི་སྐུ་གཟུགས་འདི་ཁ་ཟུར་གྱི་ལྗོན་ཤིང་དང་མཚུངས། ཁྱེད་ཀྱི་ནུ་མ་གཉིས་ནི། རྒུན་འབྲུམ་གྱི་ལག་བུ་དང་མཚུངས།  བདག་ནི་ཁ་ཟུར་ལྗོན་པ་དེའི་ཁར་འཛེགས་ཤིང་། དེའི་ཡལ་འདབ་ལ་འཇུ་བར་བྱ། ཞེས་ངས་སྨྲས། ད་ལྟའང་ཁྱེད་ཀྱི་ནུ་མ་གཉིས་པོ་རྒུན་འབྲུམ་ལག་བུ་ལྟ་བུ་དང་། ཁྱེད་ཀྱི་ཤངས་ཀྱི་དྲི་བསུང་ནི། ཀུ་ཤུ་ལྟ་བུ་ཡོད་པར་ཤོག  ཁྱེད་ཀྱི་ཞལ་རྐན་ནི་ངའི་སེམས་ཀྱི་ཉེ་མོའི་དོན་ལ། ཞིམ་བོ་ཚོར་བའི་རྒུན་ཆང་། གཉིད་ལོག་པ་དག་གི་མཆུ་སྨྲ་བར་འཇུག་མཁན་དང་མཚུངས།
༡༠ ང་ནི་ངའི་སེམས་ཀྱི་ཉེ་མོའི་ཡིན་པས། དེས་ང་ལ་གདུང་བ་བྱེད། ༡༡ ཀྱེ་ངའི་སེམས་ཀྱི་ཉེ་མོ། ཚུར་བྱོན་དང་། ངེད་ཀླུངས་སུ་ཕྱིན་ནས། ཡུལ་ཆུང་རྣམས་ན་བྲང་ས་བྱ། ༡༢ ཡང་སྔ་གསར་ངེད་རྒུན་ཚལ་དག་ཏུ་ཕྱིན་ཏེ། ད་དུང་རྒུན་ཤིང་ལ་སྦལ་མིག་འཐོན་མིན་དང་། དེ་ལ་མེ་ཏོག་ཡས་མིན་དང་། སེ་འབྲུ་ལ་མེ་ཏོག་འབར་མིན་ལྟ་བར་བྱ། དེར་ཁྱེད་ལ་ངའི་གཅེས་པ་གཏང་ངོ་། ༡༣ དུ་དཱ་ཨིམ་གྱི་དྲི་བསུང་འཐུལ་བར་བྱེད། ངས་ཁྱེད་ཕྱིར་བསགས་པའི་རིན་ཐང་ཆེ་བའི་ཤིང་ཏོག་གསར་རྙིང་རྣམས་འོ་སྐོལ་གྱི་སྒོ་འགྲམ་ན་ཡོད་དོ། ཀྱེ་ངའི་སེམས་ཀྱི་ཉེ་མོ༎